དེ་རིང་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ནས་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་ནས་13.6%འཕར་ཡོད་ཅེས་གསུངས་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱིས་འདིའི་སྐོར་ལ་གསལ་འགྲེལ་རགས་ཙམ་ཞུ་རྒྱུ་ཡིན།
དམངས་འཚོ་ནི་སྟོན་ཕྱོགས་དང་པོ་ཡིན་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད། འདས་ཟིན་པའི་ལོ་ལྔའི་རིང་། རང་ལྗོངས་ཀྱིས་ལོ་ལྟར་ནོར་ཤུགས་ཀྱི་70%ཡན་དམངས་འཚོར་བཏང་ནས་དམངས་འཚོའི་ཐད་ཀྱི་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས་དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རིམ་ཆེན་པོ་བྱུང་ནས་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་སོང་ཡོད།
འདས་པའི་ལོ་10ཕྱིར་ལྟ་བྱེད་སྐབས། བོད་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཟམ་མི་ཆད་པར་བཏོད་ཡོད། ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་འདི་ཡོད་པས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་། འབྱོར་འབྲིང་འཛུགས་སྐྲུན་བཅས་ལ་གཞི་ནས་འགན་ལེན་བརྟན་པོ་བྱུང་བ་དང་། མང་ཚོགས་ལ་ཐོབ་ཚོར་ཆེན་པོ་བྱུང་བ་དེ་དག་གྲངས་གཞིའི་ཐོག་ནས་ཚང་མ་གསལ་བཤད་ཐུབ་པ་སྟེ། ལོ་བཅུའི་རིང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཉིས་ལྷག་ཙམ་འཕར་ཡོད།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཙམ་སོང་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་མི་དམངས་ཀྱི་ཐུན་མོང་འབད་འཐབ་འོག བོད་དུ“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག”བྱུང་བ་དང་། མི་དམངས་ཀྱི་འཚོ་བ“དཀའ་སྡུག་ནས་བདེ་སྐྱིད”ལ་གྱུར་ཏེ་བོད་དུས་རབས་གསར་པར་སླེབས་ཡོད།
གཙོ་འཛིན་གྱི་ཐུགས་ཁུར་དང་། སྤྱི་ཁྱབ་བཀོད་འདོམས་པའི་སྣེ་ཁྲིད་ནི་ང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བའི་འབྱུང་རྩ་རེད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་སྲོག་ཤིང་ལ་གོང་བཀུར་དང་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲང་བཞིན་ཡོད། དུས་རབས་གསར་པས་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས་པའི་བླང་བྱ་བཏོན་པ་དང་རྒྱང་སྐྱོད་ལམ་བུ་གསར་པས་བྱ་སྤྱོད་གསར་པ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོའི་ཡིད་ཆེས་ནམ་ཡང་འགྱུར་བ་མེད་ལ། ང་ཚོའི་སྙིང་སྟོབས་རྡོ་རྗེ་བྲག་ལྟར་བརྟན། ང་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཆེ་ཤོས་ཐོབ་ཐབས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན།
ཚང་མས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་ལས་དོན་ཡག་པོ་བསྒྲུབས་ན། ང་ཚོ་མི་རབས་འདི་རྒྱང་སྐྱོད་ལམ་དུ་ཡག་པོ་འགྲོ་ཐུབ་ངེས་རེད།