ཁོང་གིས་ས་མཐོའི་རྫོང་གྲོང་གི་སྐོར་ལ་གྲོས་གཞི་ཡག་པོ་བསྣམས་འདུག
སྤེལ་དུས 2019-03-04
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། ལྷ་སྟག་མཚོ་དང་རིན་ཆེན་དབང་འདུས།
རྒྱལ་ཡོངས་ཚོགས་ཆེན་གཉིས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མ།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མ་ལགས་ནི་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་ཡིན་པ་དང་། ད་ལོ་ནི་ཁོང་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་ཐེངས་གཉིས་པ་ཡིན་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མར་བཅར་འདྲི་ཞུ་བ།
ན་ནིང་ཁོང་གིས་བཏོན་པའི་གྲོས་གཞིས་ནུས་པ་ཡག་པོ་ཐོན་འདུག
ན་ནིང་ཁོང་གིས་བོད་ལྗོངས་ཀྱི་བཙོག་ཆུ་འབུད་བཤངས་དང་གྲོང་ཁྱེར་གྱི་གད་སྙིགས་གནོད་མེད་ཅན་དུ་བསྒྱུར་རྒྱུའི་སྐོར་གྱི་གྲོས་གཞི་ཞིག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་བཏོན་པ་དེར། ཀྲུང་དབྱང་པུའུ་ཨུད་ཀྱི་འབྲེལ་ཡོད་ཚན་པས་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་བརྒྱུད། ཀྲུང་དབྱང་ནོར་སྲིད་ནས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་༤བཏང་ནས་རྫོང་གྲོང་༢༥ཡི་བཙོག་ཆུ་ཐག་གཅོད་དང་གད་སྙིགས་ཐག་གཅོད་ས་ཚིགས་༢༥བསྐྲུན་ཡོད་པ་རེད། གང་དེ་ནི་ཉེ་བའི་ལོའི་རིང་གི་གནད་དོན་དེ་རིགས་ཐག་གཅོད་བྱས་པའི་ཐད་ཀྱི་ཕན་འབྲས་ཆེ་ཤོས་ལས་གཞི་ཞིག་རེད།
ད་ལོ་ཡང་ཁོང་གིས་གྲོས་གཞི་ཁག་གཉིས་བསྣམས་ཡོད།
ད་ལོ་ཁོང་གིས་བསྣམས་པའི་གྲོས་གཞི་གཉིས་ནི། བོད་ལྗོངས་ཀྱི་ས་བབས་མཐོ་བའི་རྫོང་གྲོང་དུ་དྲོད་རླངས་མཁོ་འདོན་བྱ་རྒྱུའི་རྣམས་གྲངས་ལག་བསྟར་བྱ་རྒྱུའི་སྐོར་དང་། བོད་ལྗོངས་ཀྱི་ས་བབ་མཐོ་བའི་རྫོང་གྲོང་དུ་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་གཞི་དེ་གཉིས་ཡིན་པ་རེད།
ཐེངས་འདིར་གྲོས་གཞི་དེ་གཉིས་འདོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།
དེའི་ཐད་ཁོང་གིས། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་དགོས་མཁོའི་ཚད་གཞི་ཉིན་བཞིན་མཐོ་རུ་འགྲོ་བཞིན་ཡོད་པས། བོད་ལྗོངས་ཀྱི་ས་བབས་མཐོ་ བའི་རྫོང་གྲོང་ཁག་གི་དགུན་དུས་ཀྱི་དྲོད་ལེན་དེ་ཡང་ས་ཁུལ་དེ་དག་ཏུ་བཞུགས་པའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་རེ་བ་གསར་པར་འགྱུར་བཞིན་ཡོད། མིག་སྔར་བོད་ལྗོངས་སུ་དེ་ལྟ་བུའི་དགོས་མཁོ་ཡོད་པའི་རྫོང་གྲོང་༣༣ཙམ་ཡོད་པ་དང་། དེ་དག་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་༤༠༠༠ཡོད་པ་རེད། གཞན་ཡང་དེ་ལྟ་བུའི་ས་བབ་མཐོ་བའི་རྫོང་གྲོང་ཁག་དུ་དེ་སྔོན་འཐུང་ཆུའི་ཐད་ཀྱི་དཀའ་ངལ་ཡོད་ཅིང་། སྔོན་མའི་འཐུང་ཆུའི་འབྱུང་ཁུངས་ཀྱིས་ད་ལྟའི་རྫོང་གྲོང་གི་ཉིན་བཞིན་མང་དུ་འགྲོ་བའི་མི་འབོར་གྱི་འཐུང་ཆུའི་དགོས་མཁོ་ཡག་པོ་སྐོང་མི་ཐུབ་པས། ད་ཐེངས་ཀྱི་གྲོས་གཞི་འདི་བཏོན་པ་བརྒྱུད། རྫོང་གྲོང་དུ་ཉིན་མཚན་དུས་དྲུག་དང་དབྱར་དགུན་སྟོན་དཔྱིད་དབྱེར་མེད་དུ་འཐུང་ཆུ་མཁོ་འདོན་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོ།
བོད་ལྗོངས་ནས་ཕེབས་པའི་ཨུ་ཡོན་ཚོའི་ཉམས་བཟང་།
རྩོམ་སྒྲིག་པ། སངས་སྐྱབས།