ལི་ཁེ་ཆང་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
སྤེལ་དུས 2019-03-08
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚེས6ཉིན་གྱི་སྔ་དྲོར་ཀོང་ཞི་འཐུས་ཚབ་ཚོགས་པར་ཕེབས་ཏེ་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། འཐུས་མི་ལུའུ་ཞིན་ཏུའུ་དང་ཁྲིན་ཝུའུ། ལིའུ་རུའུ་ཡོན་སོགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། མཐའ་མཚམས་གསར་སྤེལ་དང་སྒོ་འབྱེད། དབུལ་ཐར་མཁྲེགས་གཏོར་བཅས་ཀྱི་གནད་དོན་ཐད་གཏམ་བཤད་གནང་། ལི་ཁེ་ཆང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་འོག ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱང་རྒྱལ་ཡོངས་དང་འདྲ་བར་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་གྲུབ་འབྲས་གསར་བ་བླངས་ཤིང་། དཔལ་འབྱོར་གྱི་དམིགས་ཚད་མི་ཉུང་བའི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཞིའི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། “འདུ་ཤེས་བཞི”དང“ཡིད་རྟོན་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “སྲུང་སྐྱོབ་བྱེད་དགོས་པ་གཉིས”ལེགས་པོར་བསྒྲུབ་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་པ། ས་བབ་དང་ཁྲོམ་རའི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་། དཀའ་སྤྱད་འབད་བརྩོན་བྱེད་པ། དུས་བསྟུན་འཕེལ་རྒྱས་སུ་བཏང་ནས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ལི་ཁེ་ཆང་གིས་བསྟན་དོན། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཉེན་ཁ་དང་འགྲན་རྩོད་སྔར་ལས་མང་བར་འཕྲད་ཡོད་པས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས། མཁོ་སྤྲོད་ཕྱོགས་ནས་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་གསར་སྐྲུན་སྐུལ་འདེད་གཏོང་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཇེ་དྲག་ཏུ་བཏང་ནས་དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་ཐེག་པ། དཔལ་འབྱོར་ལུགས་མཐུན་བར་མཚམས་སུ་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་དེ་གཙོ་བོ་དམངས་འཚོ་ལེགས་བཅོས་ཀྱི་སྟེང་མངོན་དགོས་ཤིང་། ལས་ཞུགས་བྱ་བ་དམིགས་བསལ་གྱི་གོ་གནས་སུ་བཞག་ནས་སློབ་ཆེན་མཐར་ཕྱིན་སློབ་མ་དང་། ལས་བརྗེའི་ལས་བཟོ་བ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏོང་བ། གསར་བརྗེའི་གནས་གཞི་ཁུལ་རྙིང་བ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ཤིན་ཏུ་དབུལ་ཕོངས་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་འདུས་པའི་ཚོགས་སྤྱི་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཧུར་ཐག་སྒོས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བྱས་ནས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ཀྱི་ཞན་པའི་ཆ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ། ཞིང་སྡེའི་འཐུང་ཆུ་བདེ་འཇགས་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་ལས་གཞི་མགྱོགས་མྱུར་ངང་ལག་བསྟར་ བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱུན་མཐུད་ཤུགས་སྣོན་དང་ལྗང་མདོག་གི་འབྱོར་བ་མུ་མཐུད་འཕར་སྣོན་བྱས་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། སངས་སྐྱབས།