བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་སྨྱན་སྦྱོར་ལ་སྒོ་འབྱེད་ཉིན་མོར་བོད་ཀྱི་གསུང་སྒྲ་ཡག་པོ་བརྒྱུད་བསྒྲགས་བྱས་པ།
སྤེལ་དུས 2019-03-10
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་དང་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་ཞུགས་པ་དང་སྦྲགས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ།
ཟླ་3ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ་གནང་བ་རེད། ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་ཟུང་། ད་ཐེངས་ཀྱི་ཚོགས་འདུ་ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་མོ་ཕྱེ་བ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ལུ་ཐོ་ཧྲེ་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་65ཡི་གསར་འགོད་པ་127བཅར་འདྲིར་སླེབས་ཡོད།
ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད། ཚོགས་ཆེན་གྱི་བཀོད་སྒྲིག་ལྟར་ད་ཐེངས་ཀྱི་གྲོས་ཚོགས་དེ་ཀྲུང་ཕྱིའི་སྨྱན་སྦྱོར་ལ་སྒོ་ཕྱེ་ཞིང་། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཏ་ཀུང་ཚགས་པར། ཤང་ཀང་དཔལ་འབྱོར་ཉིན་རེའི་ཚགས་པར། ལུའུ་ཐུའུ་གསར་འགྱུར་ཁང་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་65ཡི་གསར་འགོད་པ་127བཅར་འདྲིར་སླེབས་ཡོད་པ་རེད།
བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་གྲོས་ཞིབ་ལ་ཞུགས་པ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲུའུ་ཡ་ཕིན་ཟུར་ཞུགས་གནང་ཡོད་པ་རེད།
ཝུའུ་དབྱིང་ཅེས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས། ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ལ“འགན་ལེན་གསུམ”སོགས་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་གནང་བ་དང་། “ནང་སར་བོད་ཀྱི་ཆེད་དུ་སློབ་གྲྭ་བཙུགས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི”ཐབས་ཇུས་གལ་ཆེན་བཏོན་པ་དང་ཆབས་ཅིག མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ད་ཆ་རིགས་ཁག་གི་སློབ་གྲྭའི་མཁྲེགས་ཆས་ཆ་ཚང་བ་དང“འགན་ལེན་གསུམ”གྱི་ཚད་གཞི་བསྟུད་མར་ཐེངས་18སྤར་ནས་ལོར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་ཞིང་། ལྗོངས་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་དེང་རབས་སློབ་གསོའི་མ་ལག་གྲུབ་ཡོད། མཐོ་རིམ་སློབ་གསོའི་ཚོགས་སྒྲིག་རྣམ་པ་དང་། ལས་རིགས་སློབ་གསོའི་ཁ་གཏད་རོགས་སྐྱོར། རྨང་གཞིའི་སློབ་གསོའི་ཚོགས་སྒྲིག་རྣམ་པ། སློབ་གསོ་པུའུ་ཡི་ཐད་གཏོགས་ཚན་པའི་ཁ་གཏད་རོགས་སྐྱོར་བཅས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཡོངས་ཁྱབ་བཅས་ཀྱི་སློབ་གསོའི་རོགས་སྐྱོར་མ་ལག་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། རྒྱ་ཆེའི་སློབ་མ་ཚོས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱུང་སྟེ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བྱེད་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”ཟབ་ཏུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ནས་སློབ་གསོ་འདི་ཉིད་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་པ་དང་སློབ་གསོ་འདི་ཉིད་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་པ། ཀུན་སྤྱོད་སློབ་གསོ་དང“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ། དགེ་རྒན་གྱི་བྱང་ཚད་སྔར་བས་མཐོ་རུ་བཏང་བ། རྨང་གཞིའི་སློབ་ཁྲིད་ཀྱི་སྤུད་ཚད་ལེགས་སུ་བཏང་བ། ལས་རིགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་མཐོ་རིམ་སློབ་གསོ་ཡག་པོ་གཉེར་བ་སོགས་ཀྱི་ཐད་ནུས་ཤུགས་འདོན་སྤེལ་གྱིས་བོད་ཀྱི་སློབ་གསོའི་ལས་དོན་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།
ཝུའུ་དབྱིང་ཅེས་ང་ཚོས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། ཆེས་ནན་ཤོས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ལག་བསྟར། རང་འགུལ་ངང་བྱ་སྤྱོད་སྤེལ་བ། དུད་ཚང་ཚང་མས་ལྗོན་ཤིང་འདེབས་པའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བཅས་བྱས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ལས་རིགས་ཁག་གི་མི་སྣ་དང་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་དུ་ཕེབས་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་ཡར་ཐོན་དང་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་བཅས་ཀྱི་གནས་ཚུལ་དངོས་དང་དར་རྒྱས་ཕུན་སུམ་ཚོགས་པའི་བོད་ལྗོངས་འཛམ་གླིང་ལ་ངོ་སྤྲོད་བྱ་རྒྱུར་ལྷད་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་རེད། བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་ཆེད། ང་ཚོས་གཅིག་ནས་སྲིད་ཇུས་ལ་བརྟེན་པ་དང་། གཉིས་ནས་ལས་དོན་ཏན་ཏིག་བསྒྲུབ་རྒྱུར་བརྟེན་དགོས་པ་སྟེ། ཕྱོགས་གཅིག་ནས་ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་པར་བརྟེན་ཞིང་འབྲོག་པས་ཐོན་སྐྱེད་ཁ་གསབ་དང་། སྣོད་བཅུད་ཁ་གསབ། སློབ་གསོའི་ཁ་གསབ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་ཆད་ལུས་མེད་པར་ལོངས་སྤྱོད་ཐུབ་ཡོད། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་སྒྲིག་འཛུགས་ཁྲིད་སྟོན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཀྱིས་ཞིང་འབྲོག་པའི་འབབ་འཕར་ལ་སྣེ་ཁྲིད་ཐུབ་པ་དང་། ངལ་ནུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་ཞིང་འབྲོག་པར་འབབ་འཕར་བྱུང་བ། གྲོང་གསེབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱིས་ཞིང་འབྲོག་པའི་འབབ་འཕར་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད་པ་བཅས་རེད། 2018ལོར་རང་ལྗོངས་ཀྱི་གྲོང་གསེབ་དང་གྲོང་མིའི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་པ་དང་ལོ་བཅུ་དྲུག་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བཀྲག་མདངས་འཚེར་བའི་སྦྱངས་འབྲས་ལེགས་པོ་ཞིག་ཕུལ་ཡོད་ཅེས་གསུངས་པ་རེད།
ཆེ་དགྲ་ལྷས་གཏམ་བཤད་གནང་སྐབས། སྲིད་གཞུང་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་ཡོད་ལ། ཕྱོགས་གང་ས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མངོན་ཡོད། གྲུབ་འབྲས་ཕྱོགས་སྡོམ་ཆ་ཚང་ལ་དྲང་གཞག་ཡིན་པ་དང་། དུས་བབ་དབྱེ་ཞིབ་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ། ལས་དོན་བཀོད་སྒྲིག་ཏན་ཏིག་ནུས་ལྡན་ཡིན་པ་བཅས་གཟིགས་རྒྱང་རིང་བ་དང་དོན་འཁྱོལ་གནད་ལ་འཁེལ་བས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་ངས་རྦད་དེ་མོས་མཐུན་ཡོད་ལ། བརྩི་བཀུར་མཐའ་གཅིག་ཏུའང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཆེ་དགྲ་ལྷས་2018ལོར་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པར་གཞིགས་པ། རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ལས་དོན་ཡག་པོ་བསྒྲུབས་པ་དང་། རིག་སྐྱོར་གང་ཐུབ་བྱས་ནས་མང་ཚོགས་ཀྱི་ནང་གནས་གསོན་ཤུགས་འཕེལ་བ་བྱས་པ། བློ་སྐྱོར་གང་ཐུབ་བྱས་ནས་དབུལ་པོ་མི་རབས་བརྒྱུད་སྤྲོད་བྱ་རྒྱུ་གཏན་འགོག་བྱས་པ། ཐོན་ལས་དར་རྒྱས་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་འདེགས་སྐྱོར་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་བ། སྤྱོད་ཚུལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་བྱེད་པ་ཚོར་གངས་ལྗོངས་ས་མཐོའི་དོན་དངོས་དང་འཚམ་པའི་དབུལ་སྒྲོལ་ལམ་བུར་བསྐྱོད་རྒྱུའི་བླང་བྱ་བཏོན་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། 2019ལོར་ང་ཚོས་བརྟན་ཐོག་ཡར་བརྩོན་དང་། ཡར་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་དོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས། “བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བརྩི་བ། “འདུ་འགོད་ཆེན་པོ་བཅུ”ལག་བསྟར་ལ་ཤུགས་སྣོན་རྒྱག་པ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།
གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཆེ་དགྲ་ལྷས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གྱིས་སྤྱི་འདོམས་བྱས་ཏེ་ཁྱབ་ཚུལ་བཟང་སྒྲིག་དང་། སྒྱུར་བཅོས་གསར་གཏོད། གཟིགས་སྐྱོང་སྲིད་ཇུས་བཅས་མཐའ་འཁྱོངས་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཏེ་ཀྲུང་ཧྭ་མི་རིགས་སྤྱི་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། “བརྟན་ལྷིང”སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་མཁོ་འདོན་བྱས་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། ས་ཁོངས་འགྲིམ་འགྲུལ་དྲ་བ་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ། “ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་བསྒྲིལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བར་བརྟེན། ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་བསྡོམས་འབོར་སྒོར་དུང་ཕྱུར་1400ལས་བརྒལ་ཏེ། གྲངས་གནས་གཉིས་འཕར་བའི་གྲུབ་འབྲས་མངོན་གསལ་བཏོད་པ། ང་ཚོས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་དང་སྣོད་བཅུད་ཁོར་ཡུག་བློས་གཏོང་རྩ་བ་ནས་མི་བྱེད་པར་མི་དམངས་མང་ཚོགས་དང་བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་འཛམ་གླིང་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱས་ཏེ་ས་མཐོའི་ནམ་མཁའ་དེ་བས་གཡའ་དྭངས་བ་དང་། ས་གཞི་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་གཙང་། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱས་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།