ལི་ཁེ་ཆང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།
སྤེལ་དུས 2019-03-06
ཡོང་ཁུངས། ཞིན་ཧྭའི་དྲ་བ།
རྩོམ་པ་པོ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད་གྲོས་བསྡུར་ནང་ཞུགས།
ལི་ཁེ་ཆང་གིས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། ད་ལོར་འཕེལ་རྒྱས་ཁོར་ཡུག་སྔར་ལས་རྙོག་འཛིང་ཆེ་བ་དང་ཛ་དྲག་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་ཤིང་། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་སྔར་ལས་ཛ་དྲག་ཏུ་གྱུར་བར་དམིགས་ནས་དཔལ་འབྱོར་ཉམས་ཆག་འགྲོ་བའི་གནོན་ཤུགས་ཁྱད་གསོད་བྱེད་པ། ལས་ཁུངས་ཁུ་བསྡུ་དང་ཁྲལ་འཕྲི་དངུལ་གཅོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དྲང་གཞག་གི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་། ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་བཟང་དུ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱས་ཏེ་ལས་ཞུགས་མངོན་འགྱུར་བྱེད་དགོས། ཉིས་གཏོད་ཐད་ཀྱི་ཆུ་ཚད་ལ་སྐུལ་འདེད་བཏང་ནས་འགུལ་ནུས་གསར་བ་སྐྱེད་སྲིང་བྱེད་པ་མགྱོགས་སུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་དུ་གཏོང་དགོས། རྒན་གསོ་དང་སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་དགོས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་དང་བཟོ་ཚོང་མཉམ་འབྲེལ་ལས་རིགས་སུ་དམངས་གཉེར་ཁེ་ལས་ཀྱི་མི་སྣ་མང་པོ་འདུས་ཡོད་ཅིང་། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་བ་ཁྲི9000ལྷག་ཙམ་ཡོད་ལ། ཁྲོམ་རའི་སྤྱི་འབོར་གྱི90%ལ་ཉེ་བ་ཟིན་ཡོད་པས། དེ་ནི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་དང་ལས་ཞུགས་ཀྱི་གཙོ་ཤུགས་དམག་དཔུང་ཡིན། ཁེ་ལས་དང་མཐུན་ཚོགས། ཚོང་ཚོགས་སྲིད་ཇུས་གཏན་འབེབས་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་དུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བའི་མཉམ་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས་ཟེར།
རྩོམ་སྒྲིག་པ། སངས་སྐྱབས།