ཀྲུང་གོའི་བོད་ལྗོངས་དྲ་བ། > 2021ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

མང་ཚོགས་ཀྱི“འཕྲལ་མཁོ་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ”བཅས་ཀྱི་གནད་དོན་ལྷག་བསམ་རྣམ་དག་གིས་ཐག་གཅོད་བྱེད་དགོས།

སྤེལ་དུས 2021-03-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        “འདས་ཟིན་པའི་ལོར་དཀའ་ངལ་ཆེན་པོ་ཕྲད་རུང་། ང་ཚོས་ཉམས་སད་ཐེག་ཡོད” ན་ནིང་གྲོང་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྒྲུབ་པའི་གནས་ཚུལ་དག་ཕྱིར་དྲན་བྱེད་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོ་ནན་ཤིས་ཕིང་རྫོང་སུང་ཅི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཤང་ལན་ལ་རང་དབང་མེད་པར་མཆིལ་ཞག་འཁོར་བ་རེད།
        ལིའུ་ཤང་ལན་སྔ་ཕྱི་བར་གསུམ་དུ་འཐབ་ཕྱོགས་དང་པོར་ཞུགས་ནས་ཉིན་མོར་སྐོར་གཡེང་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོ་གཏོང་བ་དང་མཚན་མོར་ཚང་བཤེར་ཆད་གསབ་དང་ལས་དོན་ཕྱོགས་སྡོམ་གནང་གི་ཡོད། ད་དུང་ཁོང་གིས“བུད་མེད་དང་བླངས་པའི་རིམས་འགོག་ཞབས་འདེགས་རུ་ཁག”བཙུགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་རྒྱ་ཚགས་དམ་དུ་བཏང་བ་རེད། “སྐབས་དེར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གྲོང་མི་ཚོ་གླ་པར་འགྲོ་ཁག་པས་ཡོང་འབབ་ཉུང་དུ་ཕྱིན་ཡོད། ངས་ཕྱོགས་གཅིག་ནས་གྲོང་མིའི་ལས་ཞུགས་དགོས་མཁོ་བསྡོམས་རྩིས་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་མཐུན་སྦྱོར་བྱས་པ་ཡིན། རིམས་ནད་ཀྱི་དུས་བབ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ངས་གྲོང་མི་60ལྷག་ཙམ་མི་སྤྱོད་ཁེ་ལས་ཀྱི་ལས་མི་བསྡུ་ཚོགས་སུ་ཁྲིད་དེ་ཁོ་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་ཡིན”ཞེས་ལིའུ་ཤང་ལན་གྱིས་གསུངས།
        རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡག་པོ་གཏོང་བར་སྤྱི་འདོམས་བྱེད་པ་ནི་དམག་འཐབ་ཆེན་པོ་ཞིག་རེད་ལ། ཡིག་རྒྱུགས་ཆེན་པོ་ཞིག་ཀྱང་རེད། ལིའུ་ཤང་ལིན་ལ་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི“གྲོང་ཚོའི་ལས་བྱེད་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ངེས་པར་དུ་མང་ཚོགས་དང་མཉམ་དུ་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གིས‘འཕྲལ་མཁོ་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ’བཅས་ཀྱི་གནད་དོན་ལྷག་བསམ་རྣམ་དག་ངང་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་སྙིང་ཉེ་བ་དང་མགྲིན་ཚབ་པ་ཡག་པོ་ཞིག་བྱེད་དགོས་པ”འདི་རེད།
        དེ་དང་ཆབས་ཅིག ད་ཐེངས་ཀྱི་རིམས་ནད་བརྒྱུད་ལིའུ་ཤང་ལན་གྱིས་གྲོང་ཚོའི་ཁེ་ལས་སྟོབས་ཆེ་རུ་སོང་བ་དང་ཞིང་པའི་ཆེད་ལས་ལག་རྩལ་བྱང་ཆུབ་པ་བྱུང་ཚེ། གཞི་ནས་གྲོང་གསེབ་ཀྱི་ཉེན་འགོག་ནུས་པ་ཆེ་རུ་འགྲོ་ཐུབ་པ་མ་ཟད། གྲོང་མིར་ལོ་ལྟར་མདུན་ལམ་བཟང་པོའང་ཡོང་ཐུབ་པའི་ངོས་འཛིན་བྱུང་བ་རེད། ན་ནིང་ནས་བཟུང་འཇོན་ཐང་ཅན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་དོན་ལ་ཞུགས་པར་གདན་དྲངས་ཏེ་ཞིང་ལས་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ་ནས་ཞིང་པས་ས་ཞིང་ནང་བཤུག་བྱས་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་མ་རྐང་འཇོག་པར་ཁྲིད་སྟོན་ཧུར་ཐག་བྱས་པའི་བར་དང་། དེ་ནས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མིའི་ལས་གཏོད་ལ་ཁ་གསབ་སྤྲོད་པ་དང་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བར་ལིའུ་ཤང་ལན་གྱིས་བརྟག་ཞིབ་རྒྱ་ཁྱབ་དང་ལས་འགན་ཧུར་ཐག་བསྒྲུབས་ནས་གྲོང་ཚོར་འཕེལ་རྒྱས་དོན་གཉེར་བྱས་པ་དང་གྲོང་མིའི་ཁ་གསོ་ཐབས་བྱས་ཡོད།
        མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་དམངས་ཀྱིས་བདམས་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་ལ་བྱ་བ་སྒྲུབ། རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་ལིའུ་ཤང་ལན་གྱིས་མང་ཚོགས་ཀྱི་རེ་སྒུག་གྲོས་འགོར་བྲིས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བསྣམས་ཡོད། འདི་ལོར་ཁོང་གིས“གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ”དང“སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ནས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ”ཞེས་པའི་བསམ་འཆར་དང་གྲོས་འགོ་ཁག་གཉིས་བསྣམས་ནས་རྒྱལ་ཁབ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ་ཞིང་པའི་ཡོང་འབབ་མང་དུ་གཏོང་བ་དང་ཞིང་ལས་ཀྱི་ལས་ཕྱོད་ཆེ་རུ་གཏོང་རོགས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་རེ་བ་གནང་གི་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།