བོད་ལྗོངས་ཀྱིས་ནག་འཇོམས་ངན་སེལ་གྲུབ་འབྲས་ཁྱབ་བསྒྲགས་བྱས་འདུག
སྤེལ་དུས 2021-04-04
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་4ཚེས་2ཉིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཁྲེན་ཧྲི་ཆུས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལོ་གསུམ་རིང་ལྗོངས་ཡོངས་ཀྱི་སྤྱི་བདེ་ཚན་པས་ནག་ཚོགས་ཀྱི་ངོ་བོར་གྲུབ་པའི་རྩ་འཛུགས་ཀྱི་ཉེས་གསོག་དོགས་ཡོད་གྱོད་གཞི་3དང་། སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ་དང་ཚོགས་པའི་གྱོད་གཞི་33 ངན་པ་དང་འབྲེལ་ཡོད་ཀྱི་རིགས་དགུའི་གྱོད་གཞི་བྱེ་བྲག་པ་299བཅས་མྱུལ་ཞིབ་རྩད་གཅོད་བྱས་པ་དང་མི་1631འཛིན་བཟུང་བྱས་པ། ཁྲིམས་འགལ་རྩ་འཛུགས་75ལ་རྡུང་རྡེག་དང་རྨེག་མེད་བཏང་སྟེ། ཁྲིམས་འགལ་བྱེད་སྒོའི་གྱོད་གཞི་135རྩད་ཆོད་པ་དང་དེ་འབྲེལ་གྱི་མི་1535འཛིན་བཟུང་བྱས་པ། དྲ་ཐོག་བྲོས་བྱོལ་མི་སྣ་1177འཛིན་བཟུང་བྱས་པ། ལོ་མང་འགོར་བའི་གྱོད་གཞི་17དང་གབ་གྱོད་17རྩད་ཆོད་ཡོད་ཅེས་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་བརྒྱུད་རང་ལྗོངས་ཀྱིས་ཉེས་གསོག་པར་འཇིགས་སྣང་ཆེན་པོ་བཟོས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་དང་ནུས་ལྡན་དུ་བཏང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་ཏན་ཏིག་བཅས་བྱས་པས། སྤྱི་ལོ་2020ལོར་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་99.39%ཟིན་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་རིང་ལྗོངས་ཡོངས་ཀྱི་སྤྱི་བདེ་ཚན་པས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཆེད་དོན་འཐབ་རྩོད་ཀྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་བ་དང་། ཆེད་དོན་འཐབ་རྩོད་ཀྱི་ཟིལ་ཤུགས་ཆེན་པོ་གྲུབ་པར་བྱས་པ། མང་ཚོགས་ལ་འབྲེལ་བ་བྱེད་པའི་སྟབས་བདེའི་སྟེགས་བུ་བསྐྲུན་པ། ཁྲིམས་འགལ་ཉེས་བསགས་ཀྱི་གྱོད་འབྲེལ་མི་སྣར་ཆད་པ་ནན་པོ་བཅད་པ། སྟོབས་ཤུགས་ངན་པའི་དཔལ་འབྱོར་རྨང་གཞི་རྩ་བ་ནས་འཇོམས་པ། རྒྱུ་ནོར་དང་དབང་ཆའི་ཉོ་ཚོང་གི་ས་གཤིན་པོ་རྩ་གཏོར་གཏོང་བ། བདེ་ཐང་དང་འཆམ་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་ཅིག་བསྐྲུན་པ། ནག་འཇོམས་ངན་སེལ་གྱི་ལས་ཀའི་རྨང་གཞི་བརྟན་པོར་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱིས་ཐུགས་ཁུར་ཆེན་པོ་བྱེད་པའི་ནག་འཇོམས་ངན་སེལ་གྱི་གྱོད་དོན་ཚང་མའི་བཅད་ཁྲ་ཁྱབ་བསྒྲགས་མཇུག་སྒྲིལ་བྱས་ཡོད་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག ཁུངས་སྣེ་གོང་ཞུ་བྱེད་མཁན་གྱི་ཁེ་དབང་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་འཇོམས་ངན་སེལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཆེད་གཉེར་ཀྲུའུ་རེན་གཞོན་པ་ཚེ་རིང་དབང་འདུས་ཀྱིས། མིག་སྔའི་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ཚན་པས་དང་ལེན་བྱས་པའི་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་ཁུངས་སྣེ་400ལྷག་གི་ཁྲོད་དུ། ཁུངས་སྣེ་གོང་ཞུ་བྱེད་མཁན་ལ་འཁོན་ལན་སློག་པའི་གྱོད་དོན་གཅིག་ཀྱང་ཐོན་མེད་ལ། བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་སྟོབས་ཤུགས་ངན་པའི་ཁུངས་སྣེ་གོང་ཞུ་བྱེད་མཁན་ལ་སྲུང་སྐྱོང་སྒྲིག་སྲོལ་འཐུས་ཚང་ཞིག་ཡོད་པ་དང་། མང་ཚོགས་ཀྱིས་བློ་བདེ་པོས་དོགས་འཆར་དོར་ནས། ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་གོང་ཞུ་བྱེད་སྐབས་སྤོབས་པ་ཆེན་པོས་གོང་ཞུ་བྱེད་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་ཡོད།
ཁྲེན་ཧྲི་ཆུས་ཀྱིས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ད་ལྟ་རྒྱུན་རྣམ་ཅན་གྱི་རིམ་པར་སླེབས་ཟིན་པ་དང་། བོད་ལྗོངས་ཀྱིས་སྟོབས་ཤུགས་ངན་པ་སླར་ཡང་ལོག་པར་གོ་སྐབས་སྤྲོད་རྒྱུ་མིན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ཚན་པས་མུ་མཐུད་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་ཕྱིར་འཐེན་མི་བྱེད་པ་དང་། གོང་ཞུ་བྱེད་ཐབས་ལ་འགྱུར་བ་མི་གཏོང་བ། རྡུང་རྡེག་བྱེད་ཤུགས་ཆུང་དུ་མི་གཏོང་བ། མཉམ་ལས་སྒྲིག་སྲོལ་ལྷོད་དུ་མི་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་མུ་མཐུད་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།