དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > ལོ་ངོ་70ཡི་གྲུབ་འབྲས།

གངས་ལྗོངས་ས་མཐོར་ལོ་ངོ་སྟོང་གི་མཆོང་སྐྱོད་ངོ་མཚར་གཏོད།

སྤེལ་དུས 2021-06-10 ཡོང་ཁུངས། མི་དམངས་དྲ་བ།  རྩོམ་པ་པོ།

          འདི་ནི་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཆིག་སྟོང་ཙམ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་མདུན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བཞིན་པ།
          དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཤིན་ཏུ་ཆེན་པོ་དེ་འདོན་སྤེལ་བྱས་ན་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་ལ་མུ་མཐུད་ར་སྤྲོད་བྱེད་ངེས་རེད།
          ལོ་ངོ་སྟོང་རེ་སྒུག་བྱས་པའི་རང་དབང་དང་བཅིངས་འགྲོལ།
          དེང་གི་དུས་འདིར་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་མི་དམངས་བདེ་སྡོད་ལས་བརྩོན་བྱུང་མོད། འོན་ཀྱང་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན་གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་རྟོགས་ཐུབ།
         “དེ་སྔོན་རང་ཉིད་སྐུ་དྲག་ཁྱིམ་གྱི་ཁང་པ་ཆེན་པོར་ཤིན་ཏུ་སྨོན་གྱི་འདུག”ཅེས་འཕྲེད་རྒྱུག་རི་རྒྱུད་ཀྱི་གྲོག་རོང་དུ་ཆགས་པའི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་གི་ལོ་84ལ་སླེབས་པའི་བགྲེས་སོང་ངག་དབང་ཉི་མས་བཤད་པ་དང་། ཁོང་རྒྱུན་དུ་ཐོག་སོ་གསུམ་ལྡན་གྱི་རང་ཁྱིམ་དུ་བསྡད་ནས་སྔོན་མའི་གནས་ཚུལ་ཕྱིར་དྲན་ཡང་ཡང་བྱེད། བོད་རྙིང་པར་ཁོང་ཁྱིམ་གྱི་ནང་མི་ཚང་མ་ནི་ས་གནས་དེ་གའི་སྐུ་དྲག་གི་ཞིང་བྲན་རེད།
          ངག་དབང་ཉི་མས“ས་ཞིང་མུའུ་6བོགས་མར་བླངས་ནས་བཏབ་པར་སྐུ་དྲག་དང་བོད་དམག་ལ་ཁྲལ་འཇལ་དགོས་བྱུང་། ཕྱིས་སུ་སྐུ་དྲག་གིས་ས་ཞིང་མུའུ་3ཕར་བསྡུས་ནའང་ས་ཞིང་མུའུ་6གི་ཁྲལ་སྔར་བཞིན་འཇལ་དགོས་པས་འཚོ་བ་དངོས་གནས་འཁྱོལ་ཐབས་བྲལ་འདུག”ཅེས་བཤད་པ་དང་། སྐབས་དེ་དུས་བུ་ལོན་འཇལ་ཆེད་ཞིང་བྲན་མང་པོ་མི་ཤི་ཁྱིམ་སྟོངས་སུ་གྱུར་གྱི་ཡོད།
          བོད་རྙིང་པར་མི་འབོར་གྱི་5%ཡང་མ་བཟུང་བའི་མངའ་བདག་ཆེན་པོ་གསུམ་སྟེ། སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་སེར་མོ་བ་དང་དེ་བཞིན་དེ་དག་གི་ངོ་ཚབ་ཀྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་བོ། གྲམ་ཐང་། དེ་བཞིན་ཕྱུགས་རིགས་མང་ཆེ་བ་བདག་གིར་བཟུང་ཡོད། ཡིན་ནའང་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་མེད་ཅིང་། ཁོང་ཚོར་ཁྲལ་དང་། འུ་ལག སྐྱེད་ལྕིའི་བུ་ལོན་སོགས་ཀྱི་བཤུ་གཞོག་ཚད་མེད་ཕོག་ནས་འཆི་ལ་ཁད་ཀྱི་གནས་སུ་གྱར།
          1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་དང་1959ལོར་ལོ་ངོ་སྟོང་རྒྱུན་བསྲིངས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་། དུས་དེ་ནས་བཟུང་སྔོན་མ་གཉའ་གནོན་ཚད་མེད་ཕོག་པའི་མི་དམངས་རྣམས་ལ་རང་ཁྱིམ་རང་བདག་བྱུང་།
          སྤྱི་ཚོགས་ལམ་ལུགས་ལ་འཕོ་འགྱུར་བྱུང་ནས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ།
          བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དུས་སྐབས་མི་འདྲ་བར་རྒྱལ་ཁབ་ཀྱིས་བོད་ཀྱི་ཕུགས་ཡུན་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་འབོར་ཆེན་སྔ་རྗེས་སུ་བཀོད་སྒྲིག་བྱས་ཡོད།
          ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ཟིན་ནས་བོད་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ།
          ས་གནས་ཁག་ཏུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གསར་སྐྲུན་བྱེད་འགོ་ཚུགས་ཤིང་། བོད་ཀྱི་སློབ་ཆེན་དང་པོ་སྟེ་བོད་ལྗོངས་མི་རིགས་སློབ་གླིང་1965ལོར་བཙུགས།
          1978ལོར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་གྲངས་འབོར་1958ལོའི་43ནས་855བར་མང་དུ་སོང་བ་ལ་སོགས།
          1951ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ཁོ་ན་ལས་ཟིན་གྱི་མེད་པ་དང་། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.27ཟིན་པ། 2020ལོར་སླེབས་སྐབས་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1902.74ཟིན་པ་དེ་1951ལོ་ལས་ལྡབ་321.5འཕར་ཡོད།
          ས་བབ་ཤིན་ཏུ་མཐོ་བའི་འཕེལ་རྒྱས་དང་ཚོད་ལྟ།
          བོད་ནི་དེ་སྔོན་རྒྱལ་ཡོངས་ལ་མཚོན་ན་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོ་ཆགས་ཚད་མཐོ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁུལ་ཞིག་རེད། གངས་ལྗོངས་ས་མཐོས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཇི་ལྟར་བསྐྲུན་པ་དེས་སྲིད་སྐྱོང་བའི་བླ་ནུས་དང་བློ་གྲོས་ལ་ཚོད་བགམ་ནན་པོ་བྱས་ཡོད།
          ལོ་70ཡི་རིང་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་ཏེ། བོད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་བློ་གལ་ཆེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།
          སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཁྲོམ་རའི་དཔལ་འབྱོར་མ་ལག་དང་ས་ཞིང་གི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འཕེལ་རྒྱས་བཏང་ཡོད།
          ཡར་ཀླུང་ལུང་གཞུང་དུ་ཆགས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་སྡེ་ཁུལ་གྱི་ས་ཞིང་མུའུ་600བརྒྱུད་བཤུག་བྱས་པ་བརྒྱུད། ངལ་རྩོལ་ནུས་ཤུགས་བཅུ་ཆ་བདུན་ལ་བཅིངས་འགྲོལ་ཐོབ་ནས་ཕྱིར་གླ་པ་རྒྱུག་པར་བསྐྱོད་རྒྱུ་བྱུང་ཡོད། ཞིང་པར་ས་ཞིང་བརྒྱུད་བཤུག་བྱས་པའི་གླ་རིན་དང་། ཞིང་ནང་ངལ་རྩོལ་གྱི་གླ་རིན། ས་ཞིང་ཚབ་གཉེར་གྱི་བགོ་འགྲེམས་སོགས་ཡོང་འབབ་རག་ནས་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ལས་བརྒལ་ཡོད།
          ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་པ་དང་གསོ་རླུང་འདུས་ཚད་ཀླུང་ཐང་གི་40%ཡང་ཟིན་གྱི་མེད། 2019ལོའི་ལོ་མཇུག་ཏུ་མཚོ་གཉིས་རྫོང་གི་མི་2900ཙམ་ལྷོ་ཕྱོགས་སྤྱི་ལེ་སྟོང་གི་སར་ས་བབ་སྨི་3600ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་སྤོས་བྱས། གནས་སྤོ་བྱ་ཡུལ་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན་དོ་དམ་ཅུས་བཙུགས་ཏེ། གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་སོགས་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་བྱས་ཡོད།
          “མཚོ་གཉིས་སུ་གྲང་ངར་ཧ་ཅང་ཆེ་བས་ཞོགས་པ་སློབ་མ་ཚོས་དེབ་ཀྱི་ཚབ་ལ་ཆུ་ཚ་པོ་བླུགས་པའི་འགྱིག་དམ་རེ་ལག་ཏུ་བཟུང་དགོས་ཀྱི་ཡོད”གནས་སྤོས་བྱ་ཡུལ་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ཆོས་རྒྱལ་གྱིས“གནས་སྤོས་བྱས་རྗེས་སློབ་གྲྭ་ནས་ཞོགས་པ་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་ཀྱི་འདུག”ཅེས་བརྗོད།
          མིག་སྔའི་བར་བོད་ཀྱིས་ཁག་9ལ་གྲོང་སྡོད་ལས་བྱེད་པ་ཁྲི་20ལྷག་ཙམ་བསྟུད་མར་བཏང་བ་ལས་ཏང་ཡོན་ལས་བྱེད་པ་བཅུ་གྲངས་དབུལ་སྐྱོར་གྱི་འཐབ་ས་དང་པོར་སྔ་རྗེས་སུ་གྲོངས……
          “བོད་དབུལ་ཕོངས་ཀྱི་གནས་ལས་གྲོལ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མཚོན་ཚུལ་ཞིག་ཡིན”ཞེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་བརྗོད།
          བརྗེད་པར་དཀའ་བའི་སྤུན་ཟླའི་བརྩེ་སེམས་ཟབ་མོ།
          དབུལ་ཕོངས་ལས་རྣམ་པར་རྒྱལ་བའི་བརྒྱུད་རིམ་ཁྲོད་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྤེལ་ནས་མི་རིགས་མཐུན་སྒྲིལ་དང་སྤུན་ཟླའི་བརྩེ་སེམས་ཟབ་མོའི་གཏམ་རྒྱུད་སྙན་པོ་བརྩམས་ཡོད།
          “བོད་སྐྱོར་སྨན་པ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ན་ནིང་གི་ཟླ་4པར་བུ་མོར་གཤགས་བཅོས་བདེ་བླག་བྱུང་བ་མཐོང་སྐབས་བོད་རིགས་མང་ཚོགས་མགོན་གྲགས་དང་བཟའ་ཟླ་དགའ་ངུ་ཤོར།
          མགོན་གྲགས་ཀྱི་ལོ་9ལ་སླེབས་པའི་བུ་མོ་ཨ་སྐྱིད་ཀྱི་གྲོད་པའི་ནང་སྐྱིར་འབྲས་སྐྲན་སྐྱེས། པེ་ཅིང་གི་བོད་སྐྱོར་སྨན་པ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཅིན་ཟགས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ཝང་ཝུའེ་ཡིས་གཤགས་བཅོས་ཀྱི་འགན་གཙོ་བོ་འཁུར་བའི་འོག ལྷ་སར་བྱེད་ཐབས་བྲལ་བའི་གཅོད་འབྲེག་གཤགས་བཅོས་དེ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་མགོན་གྲགས་དང་བཅས་པའི་ནང་མི་ཚང་མའི་སེམས་པ་ལྷོད་ལ་བབས།
          1994ལོར་ཀྲུང་དབྱང་གིས“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་བཏོན་ཚུན། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ལ་ལས་བྱེད་པ་9600ལྷག་ཙམ་སྔ་རྗེས་སུ་བཏང་ ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་གྲངས་6330ལ་རོགས་སྐྱོར་བྱས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་527ཟིན་ཡོད། ལྷག་པར་དུ་2016ལོ་ཚུན་དུ་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་247ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་350ཙམ་ཟིན་པ་ལས་མང་ཆེ་བ་དབུལ་སྒྲོལ་འགག་སྒྲོལ་ལ་བཏང་ཡོད།
          “བོད་སྐྱོར་ལས་བྱེད་པས་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་མིའི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ལ་གསལ་འགྲེལ་བྱས་པ་ལས། ཕྱར་བ་གྲུ་འདེགས་བྱེད་པ་དང་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ང་ཚོའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་སྤུ་ཧྲེང་རྫོང་གི་རྫོང་དཔོན་ཆོས་ཚེས་བཤད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་སྔ་རྗེས་སུ་འཚོགས་ཤིང་། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
          “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐུན་སྒྲིལ་བྱེད་དགོས”—ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྐྱོད་སྐབས་སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་དུ་བཀལ་བའི་གོས་དར་ཞིག་ཏུ་འཁོད་པའི་ཚིག་དུམ་ཞིག་ལྷག་པར་དུ་མངོན་གསལ་དོད། 1951ལོར་བཙུགས་པའི་སློབ་གྲྭ་འདི་ནི་ཏང་གིས་བོད་དུ་བཙུགས་པའི་དེང་རབས་ཀྱི་སློབ་གྲྭ་དང་པོ་དེ་རེད།
          “སློབ་གྲྭས་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། ཏང་གི་ཐུགས་ཁུར་འོག་བོད་ལ་ཕུལ་བྱུང་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད”ཐེན་ཅིན་གྱི་བོད་སྐྱོར་དགེ་རྒན་སློབ་སྤྱི་ལི་ཏུང་རུའེ་ཡིས་འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན། སློབ་གྲྭས་གོ་སྐབས་དེ་དམ་པོར་བཟུང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རང་ཉིད་ཀྲུང་ཧྭ་ལ་དགའ་བའི་ས་བོན་དེ་གཞོན་ནུ་ལོ་ཆུང་མི་རེ་ངོ་རེའི་སེམས་ལ་ཟུག་པར་བྱ་རྒྱུ་ཡིན་ཞེས་བཤད།

          འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་ཧུའུ་པེའི་ཤང་དབྱང་གི་བོད་སྐྱོར་དགེ་རྒན་ཚའེ་ཁྲུན་ཐིང(དཀྱིལ)དང་ས་གནས་དེ་གའི་དགེ་རྒན་ཚེ་རིང་ཆོས་བརྟན(གཡས་ཀྱི་རྒྱབ)གྱིས་སློབ་མས་རྫས་འགྱུར་ཚོད་ལྟ་བྱེད་པར་མཛུབ་ཁྲིད་བྱེད་བཞིན་པ།  
རྩོམ་པ་པོ། སྣང་རྡོས་བསྒྲིགས།