རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་མཁོ་འདོན་ཀུང་སི་དང་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་མཁོ་འདོན་ཀུང་སིའི་མཉམ་འབྲེལ་ལས་སྒྲུབ་ཚོགས་པས་གློག་ཡོད་གློག་སྐུད་མཐུད་འདྲེན་གྱི་ལས་དོན་བདེ་བླག་ངང་སྒྲུབ་ཡོད།
གློག་ཡོད་ལས་སྒྲུབ་ལག་རྩལ་གསར་པ་ནང་འདྲེན་བྱས་ཏེ་གློག་ཆད་ཚད་དམའ་རུ་དང་གློག་བརྟན་པོ་མཁོ་འདོན་བྱས་པས་ཐོན་སྐྱེད་སྔར་བས་བརྟན་དུ་སོང་ཡོད།
གློག་ཡོད་ལས་སྒྲུབ་ལག་རྩལ་ཁྱབ་གདལ་བཏང་བ་དེས་ནག་ཆུ་གྲོང་ཁྱེར་གྱི་སྨན་ཁང་དང་། སློབ་གྲྭ བཟོ་གྲྭ གྲོང་མི་བཅས་ལ་དེ་བས་བློས་འགེལ་ཆོག་པའི་གློག་འདོན་གྱི་ཞབས་འདེགས་ཞུ་རྒྱུ་རེད།
ཉེ་ཆར། ས་བབ་མཐོ་ཚད་སྨི་4490ཡོད་པའི་བོད་ལྗོངས་ནག་ཆུའི་ལྷོ་རྒྱུད་ཁུལ་གསར་གྱི་ཆན་ཕུའུ་10ཡི་ནག་ཆུ་ནས་ཀྲེ་ཅང་བར་གྱི་གློག་ཤིང་ཨང་75པ་ནི་རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་མཁོ་འདོན་ཀུང་སི་དང་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་མཁོ་འདོན་ཀུང་སིའི་མཉམ་འབྲེལ་ལས་སྒྲུབ་ཚོགས་པས་གློག་ཡོད་གློག་སྐུད་མཐུད་འདྲེན་གྱི་ལས་དོན་བདེ་བླག་ངང་སྒྲུབ་ཡོད། དེ་ནི་ནག་ཆུ་གྲོང་ཁྱེར་གྱིས་ཆན་ཕུའུ་10ཡི་གློག་ཡོད་ལས་སྒྲུབ་བྱེད་ཐེངས་དང་པོ་ཡིན་ལ། ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གློག་ཡོད་ལས་སྒྲུབ་བྱས་ནས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་གློག་དྲའི་གློག་ཡོད་ལས་སྒྲུབ་ཀྱི་སྟོང་ཆ་བསྐངས་ཡོད།
ད་ཐེངས་ཀྱི་གློག་ཡོད་ལས་སྒྲུབ་ཀྱིས་ནག་ཆུའི་གསོ་རླུང་བཟོ་གྲྭ་དང་མེ་འཁོར་བབས་ཚུགས་སོགས་མཐོ་གནོན་གློག་སྤྱོད་མཁན་53དང་ནག་ཆུའི་ལྷོ་རྒྱུད་འབྲོག་ཁུལ་གྱི་དམའ་གནོན་གློག་སྤྱོད་མཁན་3000ཙམ་ལ་གློག་ཡོད་ཨར་ལས་བྱེད་པའི་བརྒྱུད་རིམ་ནང་བློས་འགེལ་ཆོག་པའི་གློག་སྤྱོད་རྒྱུ་བྱུང་ཡོད་ལ་དུད་ཚང་159ཡི་གློག་ཆད་པའི་གྱོང་གུན་ཆུང་དུ་བཏང་ཡོད།
ནག་ཆུའི་ས་གནས་དེ་གའི་གློག་དྲ་སྒྲིག་སྦྱོར་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག གློག་འདོན་གྱི་བློས་འགེལ་ཆོག་པའི་རང་བཞིན་གྱི་གློག་ཡོད་ལས་སྒྲུབ་ཀྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་ཡོད། ལག་རྩལ་ཤེས་ལྡན་མི་སྣ་དཀོན་པ་དང་ས་བབ་མཐོ་བའི་དམིགས་བསལ་གནམ་གཤིས་ཀྱི་ཆ་རྐྱེན་ལས། ནག་ཆུ་གྲོང་ཁྱེར་གྱིས་གློག་མ་ཆད་པའི་གནས་ཚུལ་འོག་གློག་དྲའི་སྐུད་ལམ་དང་སྒྲིག་ཆས་ལ་སྐྱོན་ཤོར་བ་ཉམས་བཟོ་བྱེད་སྐབས་གློག་ཡོད་ལས་སྒྲུབ་དེ་དུས་ཡུན་རིང་པོའི་དཀའ་གནད་དུ་གྱུར་ཡོད།
“ཐང་གཤོང་ས་ཁུལ་དང་བསྡུར་ན་ས་བབ་མཐོ་བའི་ས་ཁུལ་དུ་གློག་ཡོད་ལས་སྒྲུབ་ཀྱི་བླང་བྱ་དེ་བས་མཐོ་བ་ཡོད་པ་དཔེར་ན། བདེ་འཇགས་ཀྱི་བར་ཐག་ཐུང་ཤོས་སྨི་0.2རིང་དུ་གཏོང་དགོས། གསོ་རླུང་དཀོན་པའི་དབང་གིས་ལས་སྒྲུབ་མི་སྣའི་ཉེན་ཁ་ཆེ་ལ་བཟོ་ལས་ཡོ་བྱད་ཀྱི་འབྲེལ་གཅོད་བླང་བྱ་དེ་བས་མཐོ་བ་ཡོད”ཅེས་རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་མཁོ་འདོན་ཀུང་སིའི་གློག་ཡོད་ལས་སྒྲུབ་ཡན་ལག་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་པའེ་ཞུང་གིས་བཤད།
“ང་ཚོས་གློག་ཡོད་ལས་སྒྲུབ་ཡོ་བྱད་ཁག་གཅིག་དངོས་ཟོག་འགན་ལེན་དུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ལག་རྩལ་མཁས་པ་ལག་རྩལ་མཛུབ་ཁྲིད་བྱེད་པར་མངགས་ནས། ཡུལ་བབ་དང་བསྟུན་པ་དང་ལམ་ཐིག་སྒྲིག་ཆས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་བཏང་ཡོད”ཅེས་པའེ་ཞུང་གིས་བཤད།
2020ལོའི་ལོ་མཇུག་ཏུ་ནག་ཆུའི་རྫོང་10དང་ཆུས་1གི་ཤང་དང་གྲོང་རྡལ་གཙོ་བོ་ཚང་མར་གློག་དྲ་ཨ་མའི་གློག་གཏོང་ཐུབ་པ་དང་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ“ཤར་ནུབ་རོགས་སྐྱོར”སོགས་གཟིགས་སྐྱོང་སྲིད་ཇུས་ཁག་གི་ཡིད་དབང་འགུག་ཤུགས་འོག ཁེ་ལས་དེ་བས་མང་བ་ཞིག་གིས“འཛམ་གླིང་ཡང་རྩེར”འཕེལ་རྒྱས་དོན་གཉེར་བྱེད་པ་དང་གློག་འདོན་གྱི་བློས་འགེལ་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱའང་ནན་དུ་སོང་ཡོད།
ནག་ཆུའི་ཞིང་ལས་ཚན་རྩལ་གླིང་དུ་རྒྱ་ཁྱོན་མུའུ་100ཟིན་པའི་ས་བབ་མཐོ་བའི་དྲོད་ཁང་ནང་ཆུ་འདྲེན་པ་དང་དྲོད་སྲུང་གི་སྒྲིག་ཆས་ཆ་ཚང་པོ་ཡོད་པ་མ་ཟད། ཆེ་ཙེ་དང་ཧོང་ཀ་སོགས་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པ་རེད། མུའུ་བརྒྱའི་སྟར་ཕྲེང་རིག་ནུས་དྲོད་ཁང་གི་འགན་འཁུར་བ་ནག་ཆུ་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅ་ཡུང་དབྱིས“སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ང་ཚོས་རླུང་སྨུག་འདེབས་གསོ་བྱེད་སྟངས་ནང་འདྲེན་བྱས་པས་ས་གནས་དེ་གའི་གྲོང་མི་ཚོར་ཡང་རང་ཐོན་རང་འཚོང་གི་སྔོ་ཚལ་སོས་པ་ཟ་རྒྱུ་བྱུང་ཡོད། དྲོད་ཚད་ཚོད་འཛིན་མ་ལག་དང་ལུད་རྒྱག་ཆུ་འདྲེན་མ་ལག་སོགས་ཚང་མ་གློག་དང་ཁ་འབྲལ་ཐབས་མེད་པས། གློག་ཡོད་ལས་སྒྲུབ་ལག་རྩལ་གསར་པ་ནང་འདྲེན་བྱས་ཏེ་གློག་ཆད་ཚད་དམའ་རུ་དང་གློག་བརྟན་པོ་མཁོ་འདོན་བྱས་པས་ཐོན་སྐྱེད་སྔར་བས་བརྟན་དུ་སོང་ཡོད”ཅེས་བཤད།
གློག་ཡོད་ལས་སྒྲུབ་ལག་རྩལ་ཁྱབ་གདལ་བཏང་བ་དེས་ནག་ཆུ་གྲོང་ཁྱེར་གྱི་སྨན་ཁང་དང་། སློབ་གྲྭ བཟོ་གྲྭ གྲོང་མི་བཅས་ལ་དེ་བས་བློས་འགེལ་ཆོག་པའི་གློག་འདོན་གྱི་ཞབས་འདེགས་ཞུ་རྒྱུ་རེད། གསེར་རྙེད་ཆུས་ཅིང་ཧུའེ་འཛུགས་སྐྲུན་རྒྱུ་ཆ་ཨར་འདམ་གཡོས་སྦྱོར་ས་ཚིགས་ཀྱི་ཀྲན་ཀྲང་ཀྲེང་ཀྲི་ཕིང་གིས“ཨར་འདམ་ལས་སྣོན་བྱེད་སྐབས་གློག་ཆད་མི་རུང་། གལ་ཏེ་གློག་ཆད་ཚེ་འཕྲུལ་འཁོར་ནང་གི་ཨར་འདམ་མཁྲེགས་པོར་འགྱུར་བ་དང་འཕྲུལ་ཆས་ཀྱང་འཁྲུ་དཀའ་བར་བརྟེན་ང་ཚོར་གྱོང་གུན་སྒོར་ཁྲི་5ཡན་ཕོག་གི་ཡོད། དེར་བརྟེན་ཁྲའེ་ཡིའུ་སྣུམ་གྱི་གློག་འདོན་འཕྲུལ་ཆས་གྲ་སྒྲིག་བྱེད་ཀྱི་ཡོད་པས་གློག་ཡོད་ལས་སྒྲུབ་བྱས་རྗེས་དེ་བས་བློ་བདེ་བའི་ཐོན་སྐྱེད་ཐུབ་ངེས་རེད”ཅེས་བཤད།
“ནག་ཆུའི་གློག་དྲའི་གློག་ཡོད་ལས་སྒྲུབ་ལག་རྩལ་ཁྱོན་ཡོངས་ནས་ཁྱབ་གདལ་དང་བེད་སྤྱོད་བཏང་བ་དེས་དཔལ་འབྱོར་ཕན་འབྲས་ངེས་ཅན་གཏོད་ཐུབ་རེ་ཡོད། དེས་སླད་ཕྱིན་ས་བབ་མཐོ་བའི་ས་ཁུལ་དུ་གློག་ཡོད་ལས་སྒྲུབ་ཁྱབ་གདལ་གཏོང་རྒྱུར་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཐུབ་རྒྱུ་རེད”ཅེས་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཀྲུའོ་ཡིས་བཤད།
རྩོམ་སྒྲིག་པ། སྣང་རྡོར།