“བོད་སྡོད་པ”ཚོས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པའི་སྐོར་བཀོད་པ།
“བོད་སྡོད་པ”ཞེས་པ་ནི“བོད་དུ་ཡོང་ནས་ལས་ཀ་བྱེད་མཁན”ལ་ཟེར་ཞིང་། ཁོང་ཚོ་ནི་བོད་ཀྱི་མཛེས་ལྗོངས་དང་རིག་གནས་ལ་དགའ་ཞེན་ཆེ་བས། མེས་རྒྱལ་གྱི་ས་ཕྱོགས་ཁག་ནས་བོད་དུ་ཡོང་བ་ཤ་སྟག་རེད།
ལྷ་སའི་བར་སྐོར་རྒྱུད་དུ་ཚོང་ཁང་མང་ལ་ཚོང་ཁང་སོ་སོར་ཁྱད་ཆོས་རེ་ལྡན། ཚོང་ཁང་དེ་དག་ཁྲོད་དྲ་ཐོག་མིང་ཅན་གྱི་རིག་གནས་བསམ་བཀོད་ཚོང་ཁང་ཞིག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པས་ཚོང་ཁང་ནང་ཡོང་མཁན་བགྲང་གིས་མི་ལངས།
ཚོང་ཁང་དེའི་ནང་མཐོ་ཚད་མིའི་སྐེད་པ་ཙམ་དུ་སླེབས་པའི་སོ་ཕག་གི་གྱང་ཞིག་ཡོད་པ་དང་བཟོ་ལྟ་ངེས་མེད་ཀྱི་སོ་ཕག་དེ་དག་ལས་དམིགས་བསལ་གྱི་མཛེས་སྣང་ཞིག་སྟེར་ཞིང་། དེའི་ཐོག་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུག་རྫི་བུ་མོའི་གཟུགས་བརྙན་ཞིག་བཀོད་འདུག ཚོང་དཔོན་ཀུའུ་ཝེ་ཝེ་ཡིས་མགྲོན་པོར་མཁྲིག་རྒྱན་བཟོ་བཞིན་དུ་བྱང་ཆ་དོད་པའི་ལག་པས་ཕྲེང་རྡོག་རྣམས་སྐུད་པ་ཕྲ་མོར་བརྒྱུས་ཏེ་ཡུད་ཙམ་ཞིག་ལ་མཁྲིག་རྒྱན་ཞིག་བཟོས་ཟིན།
“ང་ཐོག་མར་འདིར་སླེབས་སྐབས་འཕྲོད་པོ་དེ་ཙམ་མ་བྱུང་ཡང་ད་ཆ་རྦད་དེ་གོམས་འདུག”ལོ་ལྔའི་རིང་གི“བོད་དུ་བསྡད་པའི”མྱོང་བ་ལས་ཀྲེ་ཅང་དབུན་ཀྲོའུ་ནས་ཡིན་པའི་ཀུའུ་ཝེ་ཝེ་ལ་མྱོང་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“གནས་འདི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་ཡི་ཡོད”ཅེས་བརྗོད།
ཀུའུ་ཝེ་ཝེ་ཡིས་སྐྲ་ཐུང་ཐུང་ཞིག་བཟོས་ཡོད་པས་མི་ལ་གཙང་སྦྲར་དང་དོད་ཆེ་བའི་སྣང་བ་སྟེར་གྱི་འདུག རང་ཉིད་གཅིག་པུ་ཚོང་ཁང་ནང་སྡོད་སྐབས་ཉོབ་མདངས་ཕྲན་བུ་སླེབས་ཀྱང་སྐུ་མགྲོན་ཡོང་ཕྱིན་ལམ་སེང་གྲུང་རིལ་རིལ་དུ་གྱུར་ནས་སྐུ་མགྲོན་ལ་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་ཡི་ཡོད། “‘ལྔ་གཅིག’ནས་ད་ལྟའི་བར་ཉིན་ལྟར་དགོང་མོ་མཁྲིག་རྒྱན་བཟོས་ཏེ་ཐོ་རེངས་ཆུ་ཚོད་གཉིས་པ་དང་གསུམ་པར་གཞི་ནས་ཉལ་གྱི་ཡོད”ཅེས་ཀུའུ་ཝེ་ཝེ་ཡིས་བརྗོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”གཏོད་པའི་དམིགས་ཚད་ལ་དམིགས་ཏེ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས“ཡུལ་སྐོར+”དང“རིག་གནས+”“དྲ་སྦྲེལ+”“གསར་བརྗེ+”སོགས་ཡུལ་སྐོར་ཐོན་རྫས་གསར་གཏོད་རིམ་སྤོར་བྱས་པ་བརྒྱུད། ཡར་ཀླུང་རིག་གནས་དུས་ཆེན་དང་། བྱང་ཐང་རྟ་རྒྱུག་དུས་ཆེན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ས་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་ཁག་གཅིག་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཏེ། “བོད་སྡོད་པ”ཚོའི་སྤྱང་གྲུང་དང་འཇོན་ཐང་ངོམ་ས་དང་བདེ་སྐྱིད་འཚོ་བའི་འབད་འབུངས་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་ཞབས་ཞུའི་ལས་རིགས་ལ་གཞོལ་བ་ཕུད། ད་དུང“བོད་སྡོད་པ”ཁག་གཅིག་གིས་བོད་དུ་རྩ་བ་བརྟན་པོ་བཙུགས་ཏེ་ཡུལ་སྐོར་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་བ་དང་ཕུགས་འདུན་དོན་གཉེར་བྱེད་བཞིན་ཡོད།
ལྷ་ས་ནཱ་ཧྥུའུ་རུའུ་ཅིན་ནས་ཆང་ཚད་ཡོད་ཀུང་སི་འཛུགས་མཁན་ཀུའོ་ཅང་ནི་འགྱིག་ཟོམ་དང་། རླངས་ཆུ་འབེབས་ཆས། མངར་འགྱུར་རྫ་མ། ཕབ་བསྙལ་རྫ་མ་སོགས་ཀྱི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱས་ཏེ་སྒྲིག་ཆས་མི་རེ་ངོ་རེའི་གནས་ཚུལ་ལ་ཞིབ་ལྟ་བྱེད་བཞིན་དུ་ཚོད་ལྟའི་དྲོད་ཚད་དང་། དུས་ཚོད། སྦྱོར་རྟའི་བསྡུར་གྲངས་སོགས་རེ་རེ་བཞིན་ཟིན་ཐོར་འགོད་བཞིན་འདུག ཧོ་པེ་ནས་ཡིན་པའི་ཀུའོ་ཅང་གིས་ཀུ་རེ་དང་སྦྲགས་སྒྲིག་ཆས་དེ་དག་ནི་ཁོང་གི་ཁྱིམ་གཞིས་ཡོད་ཚད་ཡིན་ཞེས་བརྗོད།
“ང་རང་2010ལོར་ལྷ་སར་ཡོང་བ་ཡིན། ལས་ཀ་མང་པོ་བྱེད་མྱོང་ལ། ལས་གཏོད་ཀྱང་བྱེད་མྱོང་། ད་ཆ་དཔལ་འབྱོར་གྱི་རྨང་གཞི་ཅུང་ཙམ་ཡོད”“2018ལོར་ངས་ནས་ཀྱི་ཨ་རག་ཝེ་ཧྲི་ཅི་བཟོ་བའི་ཚོད་ལྟ་བྱས་པ་ཡིན”ཞེས་ཀུའོ་ཅང་གིས་དེ་ལྟར་བརྗོད།
ཞིབ་ཚགས་པའི་ཀུའོ་ཅང་གིས་ཚོད་ལྟ་ཁང་ལ་དྲོད་འགོག་སྲིང་བལ་བསྒར་ཡོད་ལ། ད་དུང་ཕབ་བསྙལ་རྫ་མ་ཚང་མར་ཁེར་རྐྱང་གི་དྲོད་སྲུང་མ་ལག་རེ་བཟོས་ནས་ཚོད་ལྟ་ཁང་གི་ཆ་རྐྱེན་ཚད་ལྡན་འཐུས་ཚང་ཡོང་བ་བྱས་ཡོད།
“ཆ་ཚང་དཔེ་དེབ་ཐོག་འཁོད་པ་ལྟར་བྱས་ན་ཡང་དག་པ་ཡིན་པའི་ངེས་པ་མེད། ང་རང་ལག་ལེན་དངོས་ལ་ཡིད་ཆེས་དེ་བས་ཆེ་བ་ཡོད། གང་ལགས་ཤེ་ན། ཆང་རག་སྙོལ་བའི་ཆ་རྐྱེན་ནི་ས་ཆ་མི་འདྲ་བའི་དབང་གིས་གཅིག་མཚུངས་ཡོང་གི་མེད། དཔེར་ན། བོད་ཀྱི་རླུང་གནོན་དང་གསོ་རླུང་འདུས་ཚད་ནང་ས་དང་གཅིག་པ་མིན་པས། རང་ཉིད་ཀྱིས་ག་ལེར་འཚོལ་ཞིབ་བྱེད་དགོས”ཞེས་ཀུའོ་ཅང་གིས་དེ་ལྟར་བརྗོད།
བོད་དུ་གཞི་ཚུགས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཨ་རག་ཝེ་ཧྲེ་ཅི་བཟོ་རྒྱུ་ནི་ཀུའོ་ཅང་གི་བསམ་འདུན་ཡིན་ཞིང་། “བོད་ཀྱིས་ང་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་སྤྲད་པ་དང་ང་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་རག་བྱུང”ཞེས་ཁོང་གིས་བཀའ་དྲིན་སྙིང་བཅངས་ཞུ་བཞིན་དེ་ལྟར་བརྗོད།
“བོད་སྡོད་པ”ཚོས་ཕ་ཡུལ་ལས་བྲལ་ཏེ་ཕུགས་འདུན་གྱི་ཆེད་དུ་ས་མཐོར་ཡོང་ནས་འབད་འཐབ་དང་དོན་གཉེར་བྱེད་བཞིན་ཡོད་ལ། འཚོ་བའང་དེ་མཚུངས་ཀྱིས་སྐྱིད་པོ་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།