ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

འཕོ་འགྱུར་དབྱངས་རྟ་སྙན་མོས། དམངས་སེམས་ལྷོད་ལ་བབས་སོང་།

སྤེལ་དུས 2021-08-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ལོ་ངོ་70ཡི་སྔོན་དུ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་གངས་ལྗོངས་ས་མཐོར་གསོན་ཤུགས་གསར་པ་རྒྱས།
         ལོ་ངོ་70ཡི་རིང་། ས་མཐོ་འདིའི་སྤྱི་ཚོགས་ཀྱི་ལམ་ལུགས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
         “ང་ནི་བོད་ལྗོངས་ཀྱི་སྤྱི་ཚོགས་གསར་པར་འཚར་ལོངས་བྱུང་བ་ཞིག་ཡིན་ལ་བོད་ལྗོངས་ཀྱི་ལོ་ངོ་བཅུ་ཕྲག་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་གྱི་དཔང་པོ་ཞིག་ཀྱང་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་བཤད།
         ཞིང་བྲན་གྱི་རྗེས་རབས་པ་ཞིག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བར། སྐལ་བཟང་སྒྲོལ་དཀར་ནི་བོད་ལྗོངས་གསར་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། ཚེ་གང་ཕ་ཡུལ་དུ་རྩ་བ་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པར་གྲོང་མིའི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད།
         1979ལོར། དམའ་འབྲིང་གི་སློབ་རྒྱུས་ལྡན་པ་དང་ལོ་17ལ་སླེབས་ཙམ་གྱི་སྐལ་བཟང་སྒྲོལ་དཀར་དར་དམར་གྲོང་ཚོར་ལས་ཀར་ཞུགས། སྐབས་དེ་དུས་གྲོང་ཚོར“འཁྲུངས་ལྷ་གྲོང་ཚོ”ཞེས་ཟེར་ཞིང་། འཁྲུངས་ལྷ་གྲོང་ཚོའང་གྲོང་ཚོ་གཞན་དག་མང་ཆེ་བ་དང་འདྲ་བར་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་། “ཁང་པ་གོག་ཧྲུལ་དང་ལམ་འབར་འབུར་ཡིན་པ་མ་ཟད་གནོན་བརྟེན་ཆུ་ལེན་ཁྲོན་པ་ནས་ཆུ་ལེན་དགོས་ཀྱི་ཡོད་པས”ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད།
         ལོ་ངོ་40ལྷག་ཙམ་སོང་རྗེས། དེ་སྔའི་དབུལ་ཕོངས་རྗེས་ལུས་ཀྱི་གྲོང་ཚོ་དེ་དབུལ་པོའི་གནས་ལས་བསྒྲལ་ནས་ཕྱུག་པོར་གྱུར་བ་དང་། སྣུམ་ནག་ལམ་གཡས་གཡོན་གཉིས་སུ་ཁང་པ་གྲལ་སྟར་འགྲིག་ཅིང་། ཚོང་ཁང་མང་བ་དང་ཚོང་ཟོག་སྣ་ཁ་འཛོམས་པ་བཅས་ཡོད་པས་སྡེ་ཁུལ་གྱི་གྲོང་མིའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།
         གསར་འགོད་པས“གྲོང་ཚོའི་མིང་བསྒྱུར་དོན་གང་ཡིན་ནམ”ཞེས་གྲོང་ཚོའི་འགྱུར་ལྡོག་སྐོར་འདྲི་སྐབས།སྐལ་བཟང་སྒྲོལ་དཀར་གྱིས་གྲོང་མི་ཚོས་གྲོང་ཚོའི་མིང་ལ་དར་དམར་གྲོང་ཚོ་ཞེས་བསྒྱུར་དོན་ནི་ཏང་གི་རྗེས་སུ་བློ་གཅིག་སེམས་གཅིག་གིས་འབྲངས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཆེད་རེད་ཅེས་བཤད།
         དར་དམར་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་ན། གྲངས་ཀའི་ཐོག་ནས་འགྱུར་ལྡོག་ཆེ་ཤོས་མངོན་པ་སྟེ། 2017ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ནས་2018ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2ཟིན་པ་དང་། དར་དམར་གྲོང་ཚོ་འདི་ཉིད་འབྱོར་འབྲིང་ལམ་བུའི་མདུན་གྲལ་དུ་སླེབས་ཀྱི་ཡོད། སྐལ་བཟང་སྒྲོལ་དཀར་གྱིས་དེ་ནི་མི་རེའི་ཆ་སྙོམས་གྲངས་ཀ་ཙམ་ཡིན་པའི་ངོས་འཛིན་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་དེ་བས་མཐོ་བའི་འབྱོར་འབྲིང་ཡོང་བའི་རེ་བའང་བྱེད་ཀྱི་ཡོད།
         དར་དམར་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་ནི་བོད་ལྗོངས་ཀྱི་གྲོང་ཚོ་ཁྲི་སྟོང་མང་པོའི་འཕོ་འགྱུར་གྱི་བསྡུས་རིས་ཙམ་ཞིག་རེད། བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མུ་མཐུད་བསྐྱལ་དང་སྐྱེལ་མུས་རེད།
         2006ལོའི་ཟླ་7ཚེས་1ཉིན་ནི་བོད་ལྗོངས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་འགོད་རིན་ཡོད་པའི་ཉིན་མོ་ཞིག་རེད། དེ་ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་རང་རྒྱལ་གྱི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱད་ཆ་གཅིག་ཟིན་པའི་བོད་དུ་དུས་དེ་ནས་བཟུང་ལྕགས་ལམ་ཡོད་པ་མཚོན་གྱི་ཡོད། རིགས་གཅིག་མཁས་ཅན་ཚོས་མཚོ་བོད་ལྕགས་ལམ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་ངེས་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད།
         དུས་ཡུན་རིང་པོའི་ནང་། རང་རྒྱལ་དུ་ལྕགས་ལམ་མེད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་འབའ་ཞིག་ཡིན་པའི་བོད་ལྗོངས་ཀྱི་དེ་སྔའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་གྱིས་འཕེལ་རྒྱས་མྱུར་བའི་དགོས་མཁོ་སྐོང་མི་ཐུབ་པར་འགྲིམ་འགྲུལ་གྱི་འཇུར་མིག་གི་ཚོད་འཛིན་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ་དེ་ལས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་འཕྲད་ཡོད།
         འདི་ལོའི་ཟླ་6ཚེས་25ཉིན། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་གསུམ་སྦྲེལ་བའི་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་ཞིང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160འཆར་འགོད་བྱས་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས“བསྐྱར་དར་རྟགས་ཅན”གངས་ལྗོངས་ས་མཐོར་སྤྱོད་འགོ་ཚུགས་པའང་མཚོན་གྱི་ཡོད།
         ལོ་ངོ་70ཡི་རིང་གི་གྲུབ་འབྲས་འོད་སྟོང་འབར་ལ། མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཞིང་། ལོ་ངོ་70སོང་རྗེས་ཀྱི་ད་ཆའི་གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན་ཞིང་། བོད་ལྗོངས་ལ་འདི་ལྟ་བུའི་འཕེལ་རྒྱས་བྱུང་བ་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་དང་ཁ་འབྲལ་ཐབས་མེད། འཕེལ་རྒྱས་ཆེན་པོ་འགྲོ་བཞིན་པའི་ཁྲོད་གནས་པའི་བོད་ལྗོངས་ཀྱིས་སླད་ཕྱིན་དེ་བས་གོམ་སྟབས་ཆེན་པོ་དང་བརྟན་པོའི་ངང་མདུན་དུ་སྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།