ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ལ་གཅིག་སྡུད་ལྟ་ཉན་བྱས་པ།

སྤེལ་དུས 2021-08-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་8ཚེས་19ཉིན་གྱི་སྔ་དྲོ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་དང་། ཞིང་འབྲོག་མང་ཚོགས། གཞོན་ནུ་ལོ་ཆུང་གི་སློབ་མ། དཔུང་སྡེའི་དཔོན་དམག་བཅས་ཀྱིས་ཚོགས་ཆེན་གཟབ་རྒྱས་ལ་ལྟ་ཉན་ཧུར་ཐག་བྱས་པ་རེད།
         ཟླ་8ཚེས་19ཉིན་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཕྱོགས་གང་སར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། ཨ་སྔོན་དབྱིངས་ཀྱི་ཁྲི་གདུགས་ཉི་མ་ཤིན་ཏུ་མཚར། མངའ་རིས་ས་ཁུལ་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བྱེད་སྒོའི་ལྟེ་གནས་སུ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རིག་ལི་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་30ལྷག་ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ལ་ལྟ་བཞིན་ཡོད། “རྟེན་འབྲེལ་ཚོགས་ཆེན་བལྟས་རྗེས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་ཕྱོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་སོང་ཡོད། སླད་ཕྱིན། ངས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ། སྙིང་སྟོབས་མ་ཉམས་པར་ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡིན”ཞེས་རིག་ལིས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
         ལྟོ་གོས་མ་འཕྱིད་པ་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པའི་བར་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་ཚེར་འབུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་བསྟན་འཛིན་ནི་དེའི་ནང་ཞུགས་མཁན་དང་དེར་དཔང་པོ་བྱེད་མཁན་ཞིག་རེད། “དེ་གོང་ང་ཚོའི་འཐུང་ཆུ་ཡང་གཙང་པོ་ནས་ལེན་དགོས་པ་དང་འབུད་ཤིང་ཡང་རི་ལ་སྒྲུག་པར་འགྲོ་དགོས། ད་ཆ་ཁྱིམ་ཚང་ཀུན་ལ་ཆུ་གློག་ཤར་གཏོང་ཐུབ་པ་དང་། གཞུང་ལམ་ཡང་སྒོ་རྩ་བར་བསྐྲུན་པ། ན་དུས་སྨན་བཅོས་འགན་བཅོལ་ཡོད་པ།  སློབ་མས‘འགན་གཙང་གསུམ’ལོངས་སྤྱོད་ཐུབ་པས་དེང་གི་འཚོ་བ་ནི་ང་ཚོས་སྔོན་ཆད་བསམ་མྱོང་མེད་ལ་བསམ་ཡང་མི་ཕོད། ངས་གཏན་གཏན་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་ཆུད་ཟོས་སུ་མི་གཏོང་བ་དང་མི་སེར་གྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བར་མང་ཚོགས་ཀྱི་སྣེ་ཁྲིད་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་ཀྱི་ཡིན”ཞེས་ཁོང་གིས་དེ་ལྟར་བརྗོད།
         ལྷོ་ཁ་གྲོང་ཁྱེར་གྱིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་རྟེན་འབྲེལ་ཚོགས་ཆེན་གྱི་བརྙན་འཕྲིན་ཐད་གཏོང་བལྟས་པ་རེད། རྟེན་འབྲེལ་ཚོགས་ཆེན་གྱི་སྤྲོ་སེམས་འཁོལ་བའི་རྣམ་པ་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་བ་རབ་ཏུ་འཕེལ་བ་དང་ཡིད་ཆེས་ལྡབ་འཕར་བྱུང་ཡོད། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁ་རག་ཤང་སྤུན་བརྒྱུད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་འཕེལ་རྡོ་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་གི་ཡང་དག་པའི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད། ང་ལ་ཆ་བཞག་ན། ད་ཆ་ང་ཚོ་ནང་མི་ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་པ་ཡིན། ཁྱིམ་ཚང་གི་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མེད་ལ། ཆུ་དང་། གློག དྲ་རྒྱ་སོགས་གང་དགོས་ཚང་མ་ཡོད་པས་འཚོ་བ་བདེ་སྐྱིད་ལྷིང་འཇགས་ཡིན། དེ་དག་ཚང་མ་ཏང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དང་ཁ་འབྲལ་ཐབས་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཡང་ཉིན་རེ་བཞིན་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ནོར་སྟོད་སྡེ་ཁུལ་གྱི་ལས་བྱེད་པ་དང་། ཏང་ཡོན་རྒན་གྲས། མང་ཚོགས་བཅས་ཀྱི་འཐུས་མིས་གཟབ་མཆོར་ལེགས་པར་སྤྲས་ཏེ། ཚོགས་ཆེན་གཟབ་རྒྱས་ལ་མཉམ་དུ་ལྟ་ཉན་བྱེད་བཞིན་ཡོད། ནོར་སྟོད་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ལུའོ་ཧའེ་ཐའོ་ཡིས“ལྷ་སར་ལས་ཀ་བྱས་ནས་ལོ་10སོང་རིང་ངས་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཚོར་བྱུང་། གཞི་རིམ་གྱི་ཏང་ཡོན་ཞིག་གི་ངོས་ནས། ངས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་སྲུང་བ་དང། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ་དང་བྱ་སྤྱོད་ཞིབ་ཕྲར་འཁྱོལ་བ་བྱེད་ཀྱི་ཡིན”ཞེས་བརྗོད།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཧྲི་ཀྲུང་གིས“རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ལ་བལྟས་རྗེས། བོད་དུ་བྱུང་བའི་མིག་མཐོང་ལག་ཟིན་གྱི་འཕོ་འགྱུར་དང་བོད་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དེ་བས་མངོན་སུམ་དུ་ཚོར་བྱུང་། ང་ཚོས་ངེས་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”ཞེས་བརྗོད།
         ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་རྨོག་བཀྲ་གྲོང་ཚོའི་དགུ་བཅུ་ནང་སྐྱེས་ཀྱི་གྲོང་ཚོའི་ལས་བྱེད་པ་ཚེ་རིང་ཆོས་མཚོས“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་བརྩོན་དང་། གསར་འབྱེད་ཡར་བརྩོན། འབད་འབུངས་སྟོབས་བརྩོན་བྱེད་ཀྱི་ཡོད་པས། ཇ་བསྲུབས་མ་སྔར་བས་ཞིམ་མངར་ལྡན་ལ་སྐལ་བཟང་མེ་ཏོག་དེ་བས་མཛེས་སྡུག་ལྡན་པར་གྱུར་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ང་ཚོའི་རེ་འདོད་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་སེམས་འགུལ་ཐེབས་པའི་ངང་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།