ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > གསར་འགྱུར།

ལོ་རྒྱུས་དང་མི་དམངས་ཀྱི་ཐུན་མོང་གི་གདམ་གསེས། གཅིག་གྱུར་དང་འཕེལ་རྒྱས་ཀྱི་འོད་སྟོང་གི་ལེའུ།

སྤེལ་དུས 2021-09-10 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།
          ལོ་ངོ70ཡི་གོང་ལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དེ་ནི་ལོ་རྒྱུས་དང་མི་དམངས་ཀྱི་ཐུན་མོང་གི་གདམ་ག་ཡིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དེའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་ཕྱི་དགྲ་འགོག་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ཆོད་སེམས་མཚོན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་འགོ་ཁྲིད་ནས། མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་དང་འཛུགས་སྐྲུན་གྱི་བྱ་གཞག་སྒྲུབ་པའི་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་ཡོད་ལ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས། འཚོ་བ་གསར་པར་རེ་སྒུག་བྱེད་པའི་ཐུན་མོང་གི་བསམ་འདུན་དང་མཐུན་ཡོད།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་དགྲ་འགོག་པ་དང་ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱས་པའི་ལྡོག་མེད་ཀྱི་འབྲས་བུ་ཡིན། དུས་རབས19པའི་དུས་མཇུག་ཏུ་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་དུམ་བུར་བགོ་བའི་ངན་ཇུས་འཆང་བ་དང་། དབྱིན་ཇིའི་བཙན་འཛུལ་སྟོབས་ཤུགས་ཀྱིས་གོ་སྐབས་དང་བསྟུན་ནས་བོད་ལ་བཙན་འཛུལ་བྱས། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྒྱལ་གཅེས་ལས་འགུལ་ཁྲོད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ཏེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱས། ལྷག་པར་དུ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་ཆེད་དྲག་པོའི་དམར་འཛིང་བྱས་ནས། མེས་རྒྱལ་ཀྱི་ལྷོ་ནུབ་སྒོ་མོ་སྲུང་རྒྱུའི་དམ་བཅའ་བཞག་པ་དེའི་ཐོག་ནས་བག་ཡོད་ཚུལ་ལྡན་གྱི་བླ་ན་མེད་པའི་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་མངོན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བསྟན་པ་ལྟར་བོད་ལྗོངས་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་པ་དང་། མི་རིགས་གཞན་དག་དང་འདྲ་བར་རླབས་ཆེན་མེས་རྒྱལ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་ཡོད།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འཚོ་བ་གསར་པར་རེ་སྒུག་ཆེན་པོ་བྱེད་པའི་ལོ་རྒྱུས་ཀྱི་གདམ་ག་དང་མཐུན། བོད་ལྗོངས་རྙིང་པ་ནི་མུན་ནག་དང་། དམུ་རྒོད། གདུག་རྩུབ། རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཡིན་ལ། ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་དང་། ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ལ་དབང་བའི་ལམ་ལུགས། བཙན་ཞིང་ནན་པའི་རིམ་ལྡན་ལམ་ལུགས། མི་ལུས་བྲན་བཀོལ། གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་གཉའ་གནོན་དང་ཉེས་ཆད། ཁྲལ་འུ་ལག་ལྗིད་པོ་དང་མི་རྣམས་ཧ་ལས་དགོས་པའི་སྐྱེད་ཆེའི་བུ་ལོན་གྱི་བཤུ་གཞོག་ཚོད་མེད་སོགས་ཀྱིས་སྤྱི་ཚོགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནུབ་པར་བྱས་ཡོད། 1951ལོའི་ཟླ5ཚེས23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གི་འཐུས་མིས་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་དེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པར་རེ་བ་སྦྱིན་ཡོད། 
          ལོ་ངོ70ཡི་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་འོག་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་སྐྱོད་པ་དང་སྲིད་དབང་སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་སྐྱོད་པ། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པ། སྒོ་རྒྱག་ནས་སྒོ་དབྱེའི་ཕྱོགས་སུ་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ནས་བརྗིད་རླབས་ཆེ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་དེ་བྱ་གཞག་ཁག་ལ་གཡུར་ཟའི་འབྲས་བཟང་ཐོབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད། 
          བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དོན་དངོས་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་མང་པོ་བཟོས་པ་དེ་དག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་གོང་འཕེལ། ཁོར་ཡུག་སྲུང་སྐྱོང་། སློབ་གསོ། འཕྲོད་བསྟེན། ཚན་རྩལ་སོགས་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པས་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཡུན་རིང་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཀྱི་དཔལ་འབྱོར་བསྡོམས་འབོར་འཕར་སྣོན་དང་ཐོན་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱུང་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད། དཔལ་འབྱོར་གྱི་རྨང་གཞི་ལེགས་པོ་གཏིང་ཡོད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་ཁྲི62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་རྫོང་(ཆུས)74ཡི་དབུལ་ཞྭ་ཕུད་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོའི་གནད་དོན་རྩ་བ་ནས་མེད་པར་བཟོས་ཡོད།
          ལོ་ངོ70ཡི་ལག་ལེན་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པ་དང་འབད་འབུངས་ཡར་བརྩོན་མ་བྱས་ན་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད་པ་ར་སྤྲོད་གང་ལེགས་བྱུང་ཡོད། དུས་རབས་གསར་པའི་ནང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པར་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལེའུ་གསར་པ་གཏོད་དགོས།