དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2021 > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ལོ་ངོ་བདུན་ཅུའི་བོད་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ།

—— བོད་ལྗོངས་ཀྱི་དེང་རབས་ལོ་རྒྱུས་ནང་གི་འཕེལ་རྒྱས་ཀྱི་མཚོན་རྟགས།

སྤེལ་དུས 2021-06-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་དྲ་བ། རྩོམ་པ་པོ། ནོར་བུ་ཚེ་རིང་དང་། སྤེན་པ་ཚེ་རིང་། ཝང་ཙེ་ཧའོ།
            1951ལོའི་ཟླ་5ཚེས་23ཉིན། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་དབར་བོད་ལྗོངས་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་ནས་བཟུང་། ཆོས་སྲིད་ཟུང་འབྲེལ་གྱི“སེར་མོ་བའི་རྒྱལ་རབས”མཇུག་འགྲིལ་བ་རེད། ཉིན་དེ་ནི་བོད་ལྗོངས་གསར་པའི་འགོ་འཛུགས་ས་ཞིག་ཀྱང་རེད།
ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་སྐོར་གྱི་དགོངས་པ་གལ་ཆེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།
            བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བར་ལམ་ལུགས་མཆོང་སྐྱོད་བྱས་པ་དེས་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད།
            “བོད་ལྗོངས་རྙིང་པར་ང་ཚོ‘ཉིན་གསུམ’ལས་འཚོ་ཐུབ་ཀྱི་མེད”ཅེས་ལོ་86ལ་སླེབས་པའི་རྡོ་གྲགས་ཀྱིས་བཤད།
            སྐབས་དེ་དུས་ཁོང་ནི་གཞིས་རྩེའི“ཆུ་དབར་གཞིས་ཀའི”དུད་ཆུང(ཞིང་བྲན་གྱི་རིགས་ཤིག་ཡིན)ཡིན་ཞིང་། ཁོང་གིས་ཉིན་གང་གླ་མེད་པར་མངའ་བདག་ལ་ཞབས་ཕྱི་ཞུ་བ་དང་། ཉིན་གང་ཞིང་པ་ཕྱུག་པོར་ལས་ཀ་བྱེད་རོགས་བྱས་ཏེ་རྩམ་པ་ཏོག་ཙམ་རག་ཐབས་བྱས་པས་དེས་གྲོད་པ་མ་ལྟོགས་ཙམ་ཡོང་གི་ཡོད། མངའ་བདག་གི་ས་ནས་བོགས་མར་བླངས་པའི་ས་ཞིང་ཉིན་གང་འདེབས་དགོས་ཀྱི་ཡོད།
            “ང་ཚོས་ལོ་ལྟར་བོགས་མར་བླངས་ནས་བཏབ་པའི་ས་ཞིང་མུའུ་གསུམ་ནས་ཐོན་པའི་ནས་མངའ་བདག་ལ་ཁལ་6(བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་འཇལ་བྱེད་རྩིས་གཞི་ཡིན་པ་དང་ཁལ་1ལ་རྒྱ་མ་28ཙམ་ཟིན་གྱི་ཡོད)སྤྲོད་པ་ཕུད། དེ་བྱིངས་ཚང་མ་ལོ་གོང་མར་ཞིང་པ་ཕྱུག་པོའི་ས་ནས་གཡར་བའི་འབྲུ་རིགས་ཀྱི་སྐྱིན་ཚབ་འཇལ་དགོས་པ་དང་ཧ་ལམ་ཁལ་30ཙམ་ཟིན་གྱི་ཡོད། ལོ་གཅིག་དཀའ་ལས་བརྒྱབ་ཀྱང་རང་ཉིད་ལ་ནས་རྡོག་ཁ་ཤས་ལས་ལྷག་གི་མེད”ཅེས་ཁོང་གིས་བཤད།
            དེས་མ་ཚད་ཁོང་ཁྱིམ་གྱིས་ལོ་ལྟར་མངའ་བདག་ལ་འབྲུ་རིགས་ཀྱི་ཁྲལ་དང་། བལ་ཁྲལ། བུད་ཤིང་གི་ཁྲལ། གཟན་ཆག་གི་ཁྲལ་སོགས་འཇལ་དགོས་ཀྱི་ཡོད་པས་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད།
            བོད་ལྗོངས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ནང་མི་འབོར་གྱི་5%བཟུང་བའི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་དང་དེ་བཞིན་ལས་ཚབ་བཅས་ཀྱིས་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་ཆ་ཚང་བཟུང་བ་དང་མི་འབོར་གྱི་95%བཟུང་བའི་ཞིང་བྲན་རྣམས“སྐད་ཆ་ཤོད་ཤེས་པའི་དུད་འགྲོར”བརྩི་གི་ཡོད།
            1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་དང་། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་སྤྱི་ཚོགས་ཀྱི་འཕོ་འགྱུར་ཟབ་མོ་རེ་རེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཆེས་ཆེར་བཏང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ལམ་ལུགས་སུ་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་ཡོད།
            དམངས་གཙོའི་བཅོས་སྒྱུར་ཁྲོད་རྡོ་གྲགས་ལ་མངའ་བདག་གི་ཁྱིམ་ནས་ཚགས་ཤ་དང་ལུག་ཤ་རག་པས་ཁོང་དགའ་སྤྲོ་དཔག་མེད་སྐྱེས་ཏེ་ནང་མི་དང་མཉམ་དུ་ཤ་ཟ་བཞིན་ཞབས་བྲོ་འཁྲབ།
            “ངས་རང་ཉིད་ཀྱི་ཁྱིམ་ལ་ཉིན་ཞིག་ས་ཞིང་མང་པོ་དེ་འདྲ་རག་པ་བསམ་པའི་ཡུལ་ལའང་མེད”ཅེས་བཤད།
            བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། རྡོ་གྲགས་ཀྱིས་བུ་གསུམ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད། ད་ཆ་ཁོང་ཚོའི་ཁྱིམ་ལ་ས་ཞིང་མུའུ་50དང་ལྗིད་ཐེག་རླངས་འཁོར་6ཡོད་པས་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད། རྡོ་གྲགས་ཁྱིམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70རིང་གི་བོད་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་དང་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་གསལ་པོ་མཚོན་གྱི་ཡོད། སྒོ་རྒྱག་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་བར་ལམ་ལུགས་ཀྱི་ལེགས་ཆ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
            ཟླ་5པར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤུ་རིང་ལུང་གཞུང་དུ་རིག་ནུས་ལྡན་པའི་བྱ་གསོའི་ཐོན་ལས་གླིང་ཞིག་བཙུགས།
            མ་དངུལ་སྒོར་དུང་ཕྱུར་5བཏང་བའི་དུས་ཐེངས་དང་པོའི་ལས་གྲྭའི་བྱ་ཚང་སྟར་པ་དང་པོ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཁག་དང་པོར་བྱ་ཕྲུག་ཁྲི་7ཡོད། མིག་སྔར་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་3.5བཏང་བའི་ཁྲོད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1བཏང་སྟེ་གཏན་འཇགས་ཀྱི་བགོ་འགྲེམས་རྣམ་པར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཉམས་ཞན་གྲོང་ཚོ་20ལ་ཡོང་འབབ་བཏོད་ཡོད།
            1994ལོར་ཏང་ཀྲུང་དབྱང་གིས“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་བཏོན་པ་ནས་བཟུང་། ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་ཁག་ཐེངས་9ཡི་ལས་བྱེད་པ་9682བོད་དུ་ལས་ཀ་བྱེད་པར་བཏང་སྟེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས་6330ལ་རོགས་སྐྱོར་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་ཡོད།
            དུས་རབས་20པའི་ལོ་རབས་80པ་ནས་དུས་རབས་21པའི་ཐོག་མའི་ལོ་བཅུའི་བར་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ནས་དམིགས་བསལ་གཟིགས་སྐྱོང་གི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་ལག་བསྟར་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
            ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་པ་དེས་དུས་རབས་གསར་པའི་བོད་ལྗོངས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  ཀྲུང་དབྱང་གིས་རྒྱབ་སྐྱོར་དང་། རྒྱལ་ཡོངས་ཀྱིས་རོགས་སྐྱོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བཅས་བྱས་ནས། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་ཀྱི་འཕེལ་རྒྱས་བོད་ལྗོངས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ཁྲོད་འཕེལ་རྒྱས་ཡག་ཤོས་དང་མགྱོགས་ཤོས་ཕྱིན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
            ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། ཚད་གཞི་མཐོ་པོས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་600ལྷག་ཙམ་བསྐྲུན་ནས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་བསལ་ཏེ་མཐའ་མཚམས་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་དང་ཞི་མཐུན་ལྷིང་འཇགས་ལ་སྐུལ་འདེད་བཏང་ཡོད།
ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་ཤང་སླད་གྲོང་ཚོའི་གྲོང་མི་ཕུར་ཚེ་2019ལོར་སྨི་ངོས་གྲུ་180ལྷག་ཙམ་ཡོད་པའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ད་དུང་ཁྱིམ་ཚང་མགྲོན་ཁང་ཡང་གཉེར་བ་རེད། ཁོང་གིས“ཏང་གི་སྲིད་ཇུས་བཟང་བས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་འདུག”ཅེས་བཤད། 
            དུད་འགྲོ་ལྟར་དཀའ་ལས་རྒྱག་པ”ནས“རང་ཁྱིམ་རང་བདག”བྱུང་བའི་བར་མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཚད་མེད་སྦྱིན་པ།
            ལོ་འདིའི་ཟླ་3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་སླར་ཡང་པེ་ཅིང་དུ་ཕེབས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པ་རེད།
            2008ལོ་ནས་བཟུང་ཞིང་བྲན་གྱི་བུ་མོ་དེས་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་གྱི་འཐུས་མི་བྱས་ཡོད། “ལོ་འདི་དག་ནང་ངས་བཏོན་པའི་གྲོས་འགོ་ཚང་མར་ལན་ཡོད་པ་དང་གྲོས་འགོ་ཁག་གཅིག་གིས་ད་དུང་གནད་དོན་ཁག་གཅིག་གི་ཐག་གཅོད་ལ་སྐུལ་མ་ཐུབ་ཡོད”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད་ཅིང་། ཁོང་གི་ཕ་མ་གཉིས་པོ་སྔོན་ཆད་ཞིང་བྲན་རེད།
            སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཤོན་གྱིས“ཞི་བས་བཅིངས་འགྲོལ་བཏང་ཚུན། མི་ཡི་ཕྱོགས་ཡོངས་འཕེལ་རྒྱས་སུ་ཕྱིན་པ་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་ཆེ་ཤོས་ཤིག་རེད”ཅེས་བཤད།
            དབྱར་འགོའི་དུས་སུ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོའི་གྲོང་མི་ཚོས་ཞིང་ནང་མུ་ཁར་ལས་ཀ་བྱེད་ཀྱིན་སྙན་འཇེབས་ལྡན་པའི་ངལ་རྩོལ་གླུ་གཞས་ལེན་བཞིན་མཆིས།
            འོན་ཏེ་སྤྱི་ཚོགས་རྙིང་པར་ཡུལ་དེར་མི་རྣམས་ཀྱིས“སྤྲང་པོའི་གྲོང་ཚོ”ཞེས་བརྗོད་པ་དང་གྲོང་མི་ཚོའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།
            2016ལོའི་ལོ་མཇུག་ཏུ་ཧ་ལོ་སྒང་གྲོང་ཚོ་དབུལ་སྒྲོལ་ཐུབ་པའི་ཁྱབ་བསྒྲགས་བྱས་ཤིང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ། མཉམ་སྡེབ་དཔལ་འབྱོར་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཡོང་འབབ་གཏོད་པའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། 2020ལོར་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.4ལྷག་ཙམ་ཟིན་ཡོད།
            2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་རྫོང་དབུལ་པོ་74ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་གྲོལ་ཐུབ་པ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་དབུལ་གྲོལ་བྱུང་བ། མིག་སྔར་མི་འབོར་དབུལ་པོའི་ལོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་ཡོད།
            མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་དགོས་ལ། འཕེལ་རྒྱས་གཏོང་བར་མི་དམངས་ལ་རྟེན་དགོས།
            བོད་ལྗོངས་རྙིང་པའི“ཞལ་ལྕེའི”ནང་མི་ལ་རབ་འབྲིང་ཐ་གསུམ་དང་རིམ་པ་དགུ་ལ་ཕྱེ་བ་དང་། སྐྱེས་མ་ཐག་མི་ཚེ་གང་པོའི་ལས་དབང་གཏན་འཁེལ་ཟིན་པ་རེད། ད་ལྟའི་བོད་ལྗོངས་སུ་མི་ཚང་མ་འདྲ་མཉམ་ཡིན་ཞིང་། ཚང་མས་འབད་འཐབ་བྱས་པ་བརྒྱུད་མི་ཚེར་ངོ་མཚར་ཆེ་བའི་གོ་སྐབས་གཏོད་ཐུབ་ཀྱི་ཡོད།
            2000ལོར་ལོ་12ལ་སླེབས་པའི་བདེ་ཆེན་གཡུ་སྒྲོལ་གནམ་གྲུར་བསྡད་ནས་ལྷ་ས་ནས་བྲལ་ཏེ་ཧྲང་ཧའེ་རུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། དེ་རྗེས་སུ་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་སུ་ཕྱི་རྒྱལ་དུ་སློབ་སྦྱོང་དང་ལས་ཀ་བྱེད་པར་བསྐྱོད་ཅིང་། ད་ཆ་ལྷ་སར་ལོག་ནས་ལས་གཏོད་བྱས་ཏེ་ལས་བཟོ་10ཡོད་པའི་སློབ་གསོའི་སྒྲིག་གཞི་ཞིག་བཙུགས་ཡོད།
            ད་ཆ་བོད་ལྗོངས་ཀྱི་སྤྱིར་བཏང་གི་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་སུ་སློབ་གྲྭར་ཡོད་མུས་ཀྱི་བུ་མོའི་བསྡུར་གྲངས་50%ཡན་རྒྱུན་འཁྱོངས་ཐུབ་ཡོད།
            “ད་ཆའི་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་འདི་ལྟ་བུ་སྔར་འབྱུང་མྱོང་མེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འདི་ལྟ་བུ་སྔར་འབྱུང་མྱོང་མེད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་འདི་ལྟ་བུ་སྔར་འབྱུང་མྱོང་མེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུངས།
རྩོམ་སྒྲིག་པ། རིག་གྲོལ།