ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ཧེ་ཐིར་ས་ཡོམ་བྱུང་ནས་མི304རྐྱེན་ལམ་དུ་ཤོར་འདུག

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཧེ་ཐིའི་ནུབ་ཕྱོགས་ས་ཁུལ་དུ་ཚེས14ཉིན་རིམ་པ7.2ཅན་གྱི་ས་ཡོམ་བྱུང་ཞིང་། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་གྲངས304རུ་འཕར་འདུག་པ་དང་། གཞན་མི1800ལས་བརྒལ་བར་རྨས་སྐྱོན་བྱུང་ཡོད་པས། ཧེ་ཐིས་ཟླ་གཅིག་ལྷག་རིང་གི་རྒྱལ་ཁབ་ཛ་དྲག་གི་རྣམ་པར་ལག་བསྟར་བྱེད་འགོ་ཚུགས་པ་རེད།
ཟླ8པའི་ཚེས14ཉིན། ཧེ་ཐིའི་ལེ་ཁའེའི་ས་ཡོམ་ཁྲོད་གཏོར་སྐྱོན་བྱུང་བའི་བཟོ་སྐྲུན་གྱི་མདུན་དུ་མི་རྣམས་འདུ་འཛོམས་བྱུང་བའི་རྣམ་པ།
          ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ས་ཡོམ་ཆ་འཕྲིན་དྲ་ཚིགས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཧེ་ཐིའི་ནུབ་ཕྱོགས་ཀྱི་ཉི་ཕུའུ་སི་ཞིང་ཆེན་གྱི་ས་གནས་དེ་གའི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད7དང་སྐར་མ29ཡི་སྟེང་དུ(པེ་ཅིང་གི་དུས་ཚོད་ཚེས14ཉིན་གྱི་ཆུ་ཚོད20དང་སྐར་མ29ཡི་སྟེང)རིམ་པ7.2ཅན་གྱི་ས་ཡོམ་བྱུང་ཞིང་། ཡོམ་གནས་དེ་ཧེ་ཐིའི་རྒྱལ་ས་ཐའེ་ཙི་གྲུ་ཁ་དང་ཧ་ལམ་སྤྱི་ལེ150ཙམ་ཡོད་པ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་ཧ་ལམ་སྤྱི་ལེ10ཡིན། དེའི་རྗེས་སུ་ས་གནས་དེ་གར་ཡང་བསྐྱར་ཡོམ་འཕྲོ་ཐེངས་མང་པོར་བྱུང་།
          ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལྟར་ན། ས་ཡོམ་བྱུང་རྗེས། ཐའེ་ཙི་གྲུ་ཁའི་སྡོད་དམངས་མང་ཆེ་བ་ཁྲོམ་སྲང་དུ་རྒྱུགས་པ་དང་། ཏོ་སྨི་ན་ཁ་དང་། ཁུ་པ་སོགས་ཅཱ་ལི་པི་ས་ཁུལ་གྱི་རྒྱལ་ཁབ་ལའང་ཡོམ་ཚོར་བྱུང་བ་རེད།
ཟླ8པའི་ཚེས14ཉིན། ཧེ་ཐིའི་ལེ་ཁའེའི་བུད་མེད་ཅིག་གིས་ས་ཡོམ་ཁྲོད་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་དབང་གིས་ངུ་འབོད་བྱེད་པའི་རྣམ་པ།
          ཧེ་ཐི་མི་དམངས་འགོག་སྲུང་སྡེ་ཁག་གི་འགན་འཁུར་པ་ཇེ་ལི•ཆན་ཏའེ་ལིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཐོག་གསུང་དོན། ས་ཡོམ་ཁྲོད་ཆེས་ཉུང་མཐར་ཡང་མི304རྐྱེན་ལམ་དུ་ཤོར་བ་དང་། མི1800ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད། ཧེ་ཐིའི་མི་དམངས་འགོག་སྲུང་སྡེ་ཁག་གིས་ཉིན་དེའི་ཕྱི་དྲོའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བཤད་རྒྱུར། རྐྱེན་ལམ་དུ་ཤོར་མཁན་མང་ཆེ་བ་ནི་གནོད་སྐྱོན་ཕོག་པ་ཚབས་ཆེས་ཆེ་བའི་ལྷོ་ནུབ་ས་ཁུལ་ཡིན། རོགས་སྐྱོབ་སྔར་བཞིན་བྱེད་བཞིན་ཡོད་པ་དང་། ས་གནས་དེ་གའི་སྨན་ཁང་གིས་བསྟུད་མར་རྨས་སྐྱོན་བྱུང་མཁན་སྐྱོབ་བཅོས་བྱེད་བཞིན་ཡོད་ཅེས་བཤད།
        ཧེ་ཐིའི་ཙུང་ལི་ཧིན་ལིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བསྟན་དོན། ཁོ་རང་གནོད་ཁུལ་དུ་སླེབས་ནས་རོགས་སྐྱོབ་ལ་བཀོད་འདོམས་བྱེད་བཞིན་ཡོད་ཅེས་བཤད་པ་དང་། ཧིན་ལིས་ཉིན་དེར་ཧེ་ཐིས་ཟླ་གཅིག་ལྷག་རིང་གི་རྒྱལ་ཁབ་ཛ་དྲག་གི་་རྣམ་པར་ལག་བསྟར་བྱེད་འགོ་ཚུགས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
 
ཟླ8པའི་ཚེས14ཉིན། ཧེ་ཐིའི་ལེ་ཁའེའི་སྐྱེས་པ་ཞིག་གིས་ས་ཡོམ་གྱིས་གཏོར་སྐྱོན་བྱས་པའི་ཁྱིམ་ནས་དངོས་ཟོག་འཚོལ་བཞིན་པའི་རྣམ་པ།
          ས་ཡོམ་བྱུང་རྗེས། མོ་ཞི་ཁོ་དང་། ཁུ་པ། ཏོ་སྨི་ནི་ཁ་སོགས་རྒྱལ་ཁབ་མང་པོ་ཞིག་གིས་གསལ་བསྒྲགས་སྤེལ་ནས་ཧེ་ཐིར་འཚམས་འདྲི་བྱས་པ་དང་། ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལོ་ཏེ་ལི་ཀུ་སིས་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིའི་སྨྱན་སྦྱོར་སྟེང་བཤད་རྒྱུར། ཁུ་པའི་འཕྲོད་བསྟེན་ཆེད་ལས་མི་སྣས་དུས་ཐོག་དང་པོའི་ནང་ཧེ་ཐིའི་མི་དམངས་ལ་སྨན་བཅོས་རོགས་སྐྱོབ་མཁོ་འདོན་བྱས་ཡོད་ཅེས་བཤད། གཞན་ཁུ་པ་སྲིད་གཞུང་གི་གནས་ཚུལ་ལྟར་ན། ཁུ་པ་ཤར་ཕྱོགས་དང་དབུས་ཕྱོགས་སུའང་ཡོམ་ཚོར་ཡོད་མོད། འོན་ཀྱང་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་སྙན་ཞུ་མེད་ཅེས་སྤེལ་ཡོད།
          ཧེ་ཐི་ནི་ཅཱ་ལི་པི་རྒྱ་མཚོའི་བྱང་ཕྱོགས་ཀྱི་དབྱི་སི་ཕཱ་ཉི་ཨོ་ལ་གླིང་ཕྲན་དུ་གནས་ཤིང་། མི་གྲངས་ཁྲི1000ལས་བརྒལ་བ་ཡོད་པ་དང་། 2010ལོའི་ཟླ་དང་པོའི་ཚེས12ཉིན། ཧེ་ཐིར་རིམ་པ7.3ཅན་གྱི་ས་ཡོམ་བྱུང་སྟེ། མི་ཁྲི30ལས་བརྒལ་བ་རྐྱེན་ལམ་དུ་ཤོར་བ་རེད།
རྩོམ་སྒྲིག་པ། རིག་གྲོལ།