ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ལྷ་སའི་སྤྱི་གླིང་གསར་པ་འདིའི་སྒོ་ཕྱེས་འདུག

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          རྒྱུས་ལོན་པ་ལྟར་ན།  ལྷ་སའི་སྐྱིད་ཆུའི་ངོགས་གཉིས་སུ་སྔོ་ཁེབས་ཇེ་ལེགས་སུ་གཏོང་བའི་ལས་གྲྭའི་རྣམ་གྲངས་དེར།  ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར5.2བཏང་ཞིང་།  མིག་སྔར་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

སྣེའུ་ཁུལ་གསར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་དཔེ་རིས།
          རྣམ་གྲངས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་།  ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ལྷོ་བྱང་ཁུལ་གཉིས་གཅིག་ཏུ་སྦྲེལ་བར་བྱེད་པའི།  ཞི་མཛེས་སེམས་སྦྲེལ་ཟམ་པའང་ཤར་གཏོང་ཐུབ་ཡོད་ལ།  ཀྲུང་ཧྭ་རིག་གནས་སྤྱི་གླིང་ཡང་།  རྒྱ་ཆེའི་གྲོང་མི་རྣམས་ལ་ཁ་གཏད་ནས་སྒོ་ཕྱེས་ཡོད། 
 
ལྗོངས་གཟིགས་བགྲོད་ལམ།
          སྤྱི་གླིང་དེ་སྣེའུ་ཟམ་ཆེན་ནུབ་ཀྱི་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་སུ་སྤྱི་ལེ3གྱི་རིང་དུ་ཆགས་ཤིང་། སྤྱི་གླིང་ཧྲིལ་པོ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་གནས་པ་དང་།  ལྷ་སའི་སྐྱིད་ཆུ་དེ་ཡི་དཀྱིལ་དུ་འབབ་བཞིན་ཡོད་པས།  ཆུའི་ངོགས་གཉིས་སུ་ཀྲུང་ཧྭ་རིག་གནས་བརྗོད་བྱ་གཙོ་བོར་བྱས་པའི་སྤྱི་གླིང་གིས་ཁྱབ་པ་དང་སྤྱི་གླིང་གི་རྒྱ་ཁྱོན་ལ་སྤྱི་ཆིང70.46ཙམ་ཡོད།
 
ཡན་ཧོང་ཐང་ཆེན།
 
ཞི་མཛེས་སེམས་སྦྲེལ་ཟམ་པ།
         གྲོང་མི་མི་ཉུང་བ་ཞིག་གིས་ཞི་མཛེས་སེམས་སྦྲེལ་ཟམ་པའི་ཐོག་འཆམ་འཆམ་བྱེད་པ་དང་ཡུལ་ལྗོངས་ལ་ལྟ་བཞིན་པ་ཡོད་ཅིང་། མིག་སྔར་ཟམ་པའི་སྟེང་གི་ལམ་ངོས་ཁ་ཤས་ལ་ད་དུང་མཛེས་བཟོ་བྱེད་བཞིན་ཡོད་ནའང་རྒྱུན་གཏན་ལྟར་འགྲོ་སྐྱོད་བྱེད་ཆོག་འདུག

ཞི་མཛེས་སེམས་སྦྲེལ་ཟམ་པ།
          ཟམ་པའི་ཐོག་ཏུ་ད་དུང་ལྗོངས་གཟིགས་ཆེད་སྤྱོད་སྟེགས་བུ་བཙུགས་ཡོད་པ་དང་། ལྗོངས་གཟིགས་ཆེད་སྤྱོད་སྟེགས་བུའི་ཐོག་ནས་ཡར་ལངས་ཏེ་ཤར་ཕྱོགས་སུ་རྒྱང་ལྟ་བྱས་ཚེ་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་མཐོང་ཐུབ་ལ། ནུབ་ཕྱོགས་སུ་རྒྱང་ལྟ་བྱས་ན་ལྷ་སའི་སྐྱིད་ཆུའི་ངོགས་གཉིས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དག་མཐོང་ཐུབ། ཉེ་འགྲམ་དུ་བལྟས་ཚེ་འོད་མདངས་རྣམ་པར་བཀྲ་བའི་ལྷ་སའི་སྐྱིད་ཆུ་མཐོང་བས།   དངོས་གནས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་ལྟ་སའི་གནས་མཆོག་ཡག་པོ་ཞིག་རེད།

ཐང་ཧྥེང་ཧྭ་ཡོན་བགྲོད་ལམ།
            ཀྲུང་ཧྭ་རིག་གནས་སྤྱི་གླིང་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཟམ་ཆེན་ནས་ཟམ་ཆེན་ནུབ་ཀྱི་ལྷ་སའི་སྐྱིད་ཆུའི་འགྲམ་ངོགས་སུ་སྤྱི་ལེ3གྱི་རིང་ཆགས་ཤིང་རྒྱ་ཁྱོན་མུའུ1057ཟིན་ཞིང་། བྱང་ངོགས་སུ་མུའུ651དང་ལྷོ་ངོགས་སུ་མུའུ406དང་ལྷ་སའི་སྐྱིད་ཆུའི་ཆུ་ཁོངས་སུ་མུའུ3000ཙམ་ཟིན་ཡོད།

ཀྲུང་ཧྭ་རིག་གནས་ཐང་ཆེན།
            སྤྱི་གླིང་དེས“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན”བརྗོད་བྱ་གཙོ་བོར་བྱེད་པ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ”གཙོ་བོར་བྱས་ཏེ། སྤྱི་གླིང་ཧྲིལ་པོ་ལྷོ་བྱང་ངོགས་གཉིས་སུ་དབྱེ་བ་དང་ཚན་པ4རུ་བྱས་ཤིང་འཇིམ་བརྙན་གྱི་ཚན་པ21བཀོད་ཡོད།

ཇ་རྟའི་ཚོང་རའི་འཇིམ་བརྙན།
            གླེང་རིན་ཡོད་པ་ཞིག་ནི་ལྷོ་ངོས་གླིང་ཁུལ་དུ་སེམས་མཐུན་ཐང་ཆེན་ཡོད་ཅིང་། ཐང་ཆེན་དེའི་མདུན་ཕྱོགས་སུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ཡིན་པ་དང་། ཐང་ཆེན་གྱི་མཐའ་བསྐོར་ནས་རོལ་ཆས་ཀྱི་འཇིམ་བརྙན་མི་འདྲ་བ56ཀྲོང་ངེར་ལངས་ཡོད་།  རྣམ་གྲངས་འདིའི་འབྲེལ་ཡོད་ལས་དོན་མི་སྣས་གསར་འགོད་པར་མཚམས་སྦྱོར་བྱས་པ་ལྟར་ན“རོལ་ཆས་ཀྱི་འཇིམ་བརྙན56དེས་རང་རེའི་རྒྱལ་ཁབ་ཀྱི་མི་རིགས་ལྔ་བཅུ་ང་དྲུག་སོ་སོར་མཚོན་གྱིན་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད”ཟེར།

སེམས་མཐུན་ཐང་ཆེན་གྱི་རོལ་ཆས་འཇིམ་བརྙན།
            མིག་སྔར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་ལྷོ་བྱང་ཁུལ་གཉིས་སུ་རྒྱུན་གཏན་ལྟར་ལྟ་སྐོར་དང་རྩེད་མོ་རྩེ་ཆོག་པ་དང་། གླིང་ཁུལ་ནང་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་རིག་གནས་དང་དེང་རབས་ཀྱི་ཤེས་ཡོན་འདུ་ཤེས་ཁྱོན་ཡོངས་ནས་མངོན་པ་ཕུད། ད་དུང་ལག་རྩེད་སྤོ་ལོའི་ར་བ་དང་རྐང་རྩེད་སྤོ་ལོའི་ར་བ་སོགས་བསྐྲུན་པ་དང་ཆབས་ཅིག་རིན་མི་དགོས་པར་རླངས་འཁོར་འཇོག་ས་དང་གསང་སྤྱོད་ཁང་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ཀྱང་སྒྲིག་སྦྱོར་བྱས་ཡོད། རྗེས་མར་ད་དུང་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་བོད་ཐུག་དང་ཇ་མངར་མོ་འཐུང་སའི་ཇ་ཁང་དང་དེ་བཞིན་དུ་ས་གནས་གཞན་གྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ཚོང་ཁང་ནང་འདྲེན་བྱས་ཏེ། རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོར་བདེ་འཇགས་དང་སྐྱིད་སྣང་དོད་ལ་སྟབས་བདེ་བའི་སྤྲོ་གསེང་རོལ་རྩེད་ཀྱི་བར་མཐོངས་ཞིག་མཁོ་འདོན་བྱ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན།

རྐང་རྩེད་སྤོ་ལོའི་ར་བ།
རྩོམ་སྒྲིག་པ། རིག་གྲོལ།