ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》 དྲན་རྟེན་སྦྲག་འཛིན་ལྷ་སར་ཡོངས་བསྒྲགས་བྱས་པ།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

འདི་ནི《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》དྲན་རྟེན་སྦྲག་འཛིན་གྱི་དཔེ་རིས་ཡིན་པ།
          ཚེས་16ཉིན་གྱི་ཕྱི་དྲོ། 《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》དྲན་རྟེན་སྦྲག་འཛིན་གྱི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་སྦྲག་སྲིད་ཀྱིས་2021ལོའི་ཟླ་8ཚེས་19ཉིན《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》དྲན་རྟེན་སྦྲག་འཛིན་ཆ་ཚང་1འགྲེམས་སྤེལ་བྱེད་རྒྱུའི་གཏན་འཁེལ་བྱས་པ་རེད། 《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》དྲན་རྟེན་སྦྲག་འཛིན་གྱི་ཨང་རྟགས་2021-15ཡིན་པ་དང་། གནས་ཐང་སྒོར་1.20ཡིན་པ། སྦྲག་འཛིན་གྱི་ཚད་གཞི་ཧའོ་སྨི་40×30ཡིན་པ། སོར་ཁའི་ཚགས་དམ་ཚད་13ཡིན་པ། ཁྱོན་རྐང་10ཡོད་པ་རེད།
          སྦྲག་འཛིན་གྱི་མདུན་ལྗོངས་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བའི་རྣམ་པ་ཡིན་པ་དང་། རྒྱང་གི་ཡུལ་ལྗོངས་ནི་ས་མཐོར་སྐྱོད་བཞིན་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡིན་པ་དང་དེའི་འགྲམ་དུ་གྲལ་སྟར་འགྲིག་པའི་སྡོད་ཁུལ་གསར་པ་དང་། ནོར་ལུག་ཁྱུ་ཚོགས། བརྗིད་ཆགས་གངས་རི་སོགས་རྒྱབ་ལྗོངས་སུ་བྱས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་རིང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མངོན་པ་དང་། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་དབྱར་མཚོ་རྒྱས་པ་བཞིན་གྱི་མཛེས་སྡུག་ལྡན་པའི་རྣམ་པ་གང་ལེགས་མངོན་པ། བོད་འདི་ཉིད་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་གང་ལེགས་མངོན་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། སྦྲག་འཛིན་ཆ་ཚང་དེ་ནི་རུང་ཐེ་དང་ཧྲེན་ཅ་ཧུང་གིས་ཇུས་འགོད་བྱས་པ་དང་། པེ་ཅིང་སྦྲག་འཛིན་བཟོ་གྲྭ་ཚད་ཡོད་ཀུང་སིས་བརྙན་བྲིས་པར་གཞི་སྤྱད་དེ་ཁྱོན་ཆ་ཚང་ཁྲི་700འགྲེམས་སྤེལ་བྱེད་རྩིས་ཡོད་པ་རེད། རྒྱ་ཆེའི་སྦྲག་འཛིན་ཉར་ཚགས་ལ་དགའ་པོ་ཡོད་མཁན་ཚོས་རྒྱལ་ཡོངས་ཀྱི་དམིགས་འཛུགས་སྦྲག་སྲིད་དྲ་ཚིགས་དང་། སྦྲག་སྒྲུབ་དྲ་ཚུགས། ཀྲུང་གོ་སྦྲག་སྲིད་ལག་ཐོགས་ཁ་པར་གྱི་དུད་སྣེ་སོགས་བརྒྱུད་ནས་ཉོ་སྒྲུབ་བྱེད་ཆོག སྦྲག་འཛིན་འཚོང་བའི་དུས་ཡུན་ཟླ་བ་6ཡིན་པ་རེད།
          སྦྲག་འཛིན་དེའི་ཇུས་འགོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་མཁས་ཅན། བོད་རང་སྐྱོང་ལྗོངས་མཛེས་རྩལ་ཁང་གི་ཡོན་ཀྲང་གཞོན་པ། ཁའེ་མིན་དཔེ་སྐྲུན་ཁང་གི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་བཅས་ཡིན་པའི་རུང་ཐེ་ཡིས་ངོ་སྤྲོད་བྱས་དོན། སྦྲག་འཛིན་གྱི་པར་ངོས་གཙོ་བོ་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པའི་སྤྲོ་སྣང་གི་རྣམ་པ་ཡིན་ཞིང་། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཕུགས་འདུན་སྒྲུབ་པའི་བོད་ལྗོངས་བཅས་མངོན་པར་བྱས་ཡོད། པར་རིས་ནང་དབུལ་སྒྲོལ་འགག་སྒྲོལ་དང་། འོད་སྟོང་འཕྲོ་བའི་གྲུབ་འབྲས། སྐྱེ་ཁམས་ཤེས་དཔལ། མཐུན་སྒྲིལ་ཞི་མཐུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་ནང་དོན་ཚུད་ཡོད། ཇུས་འགོད་ནང་རྣམ་པ་ཆེན་པོའི་ནང་དོན་བཀོད་ཡོད་ལ་ཞིབ་ཚགས་པའི་ཆ་ཤས་ཀྱང་བཀོད་འབྲི་བྱས་ཡོད་པས་རི་མོའི་ཚོན་མདོག་རྣམ་པར་བཀྲ་བ་དང་དུས་རབས་ཀྱི་ཉམས་འགྱུར་ཡང་ཟབ་མོ་ལྡན་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།