ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > པར་རིས་གསར་འགྱུར།

ཁོང་རྣམ་གཉིས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ……

སྤེལ་དུས 2021-08-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ཏེ། ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཡིའུ་ཆོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། ལྷོ་ཁ་དང་གཞིས་རྩེ་གྲོང་ཁྱེར་དུ་ཁག་སོ་སོར་ཕེབས་ནས། ས་གནས་དེ་གའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས་ཞེས་གསུངས་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། དབང་ཧའེ་ཀྲོའུ་བཅས་ཀྱིས་ཁག་སོ་སོར་ཕེབས་རོགས་ཞུས་པ་རེད།

          ཡིའུ་ཆོན་དང་བཅས་པ་ལྷོ་ཁ་གྲོང་ཁྱེར་དུ་འབྱོར་རྗེས། དང་ཐོག་སྣེ་གདོང་ཆུས་མི་རིགས་རྩེད་ཐེར་ལག་ཤེས་འཁལ་འཐག་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། དེ་རྗེས་སྐུ་ཚབ་ཚོགས་པ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕེབས་ཏེ་དངོས་སྦྱོང་དང་སློབ་ཁྲིད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།
          དེ་ཉིན་ཕྱི་དྲོ། ལྷོ་ཁ་གྲོང་ཨུད་ཀྱི་སྒོ་རའི་ནང་ཡིའུ་ཆོན་དང་བཅས་པས་ལྷོ་ཁ་གྲོང་ཁྱེར་གྱི་ཚན་ཁག་ཁོངས་མི་དང་། དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། དེ་རྗེས་སྐུ་ཚབ་ཚོགས་པས་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་བོད་ཀྱི་དམངས་གཙོ་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་ཞིང་། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཡིའུ་ཆོན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཡུལ་མི་ཚེ་རིང་གི་ཁྱིམ་དུ་འཚམས་འདྲི་གནང་བར་ཕེབས་ནས་ཡུལ་མི་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་པ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། 
          ཡིའུ་ཆོན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལག་བསྟར་གཏིང་ཟབ་ཐུབ་པ། མཐའ་སྲུང་མཐའ་བརྟན་གྱི་ཕན་འབྲས་མངོན་གསལ་དོད་པ། བྱ་གཞག་ཁག་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་ཡོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་རྒྱུན་མཐུད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྒྲོལ་དཀར་དང་གཡང་འཛོམས་འདྲ་བ་དེ་བས་མང་བ་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པ། ཕ་ཡུལ་འཛུགས་སྐྲུན་བྱས་ནས་དམག་དམངས་བློ་སེམས་གཅིག་སྒྲིལ་གྱིས་མཐའ་མཚམས་བརྟན་པོ་སྲུང་བ་དང་། མཐའ་མཚམས་བདེ་འཇགས་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་བཏང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།

    པད་མ་འཕྲིན་ལས་དང་བཅས་པ་དང་ཐོག་གཞིས་རྩེ་གྲོང་ཨུད་དུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཚན་ཁག་ཁོངས་མི་དང་། དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། དེ་ཉིན་ཕྱི་དྲོ་སྐུ་ཚབ་ཚོགས་པ་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཕེབས་ནས་མི་རིགས་མཐུན་སྒྲིལ་གཏོད་འཛུགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་རེད། བཀྲས་ལྷུན་དགོན་དུ་པད་མ་འཕྲིན་ལས་ཀྱིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་བཀྲས་ལྷུན་དགོན་ལ་རྟེན་འབྲེལ་གོས་དར་ཡང་གནང་བ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དགོན་སྡེ་ཡོངས་ཀྱི་དགེ་འདུན་པའི་ཚབ་ཞུས་ནས་རྟེན་འབྲེལ་གོས་དར་བཞེས་པ་རེད། དེ་རྗེས་སྐུ་ཚབ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་སློབ་གསོའི་ཤེས་ལྡན་མི་སྣ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། 
    པད་མ་འཕྲིན་ལས་ཀྱིས། གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།