ཏང་གི་བཀའ་དྲིན་གངས་ལྗོངས་ས་མཐོར་ཁྱབ།
སྤེལ་དུས 2021-06-10
ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།
རྩོམ་པ་པོ།
ཉེ་དུས་མི་དམངས་ཉིན་རེའི་ཚགས་པར་ཐོག ཏང་གི་བཀའ་དྲིན་གངས་ལྗོངས་ས་མཐོར་ཁྱབ་ཅེས་པའི་ཕྱོགས་བསྡུས་གསར་འགྱུར་ཞིག་བཀོད་དེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་ 70 ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་ཞུམ་མེད་དབུ་ཁྲིད་འོག བོད་ལྗོངས་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་བར་གྱི་རླབས་ཆེའི་མཆོང་སྐྱོད་བྱུང་སྟེ། བྱ་གཞག་ཁག་ལ་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད།
གསར་འགྱུར་ནང༌ཏང་ཀྲུང་དབྱང་གིས་སྔར་ནས་བོད་ལྗོངས་ཀྱི་ལས་ཀར་མཐོང་ཆེན་དང༌། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་པ་དང༌། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ལྗོངས་ཀྱི་ལས་ཀར་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་སྐྱོང་དང་བོད་བརྟན། བོད་དར་བཅས་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང༌། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་ 70 ཡི་ནང༌། རྒྱལ་ཁབ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར 10000 ལྷག་ཙམ་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས 800 ལྷག་ཙམ་ལག་བསྟར་བྱས་པས། བོད་ལྗོངས་ཀྱི་འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་སོགས་ཁྱབ་ཁོངས་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་འཁོད་ཡོད།
གསར་འགྱུར་ནང་དུ༌སྤྱི་ལོ 2019 ལོའི་ལོ་མཇུག་ཏུ་སླེབས་སྐབས། ལྗོངས་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་བ་ཁྲི་ཚོ 62.8 ཚང་མ་དབུལ་གྲོལ་བྱུང་བ་དང་། དབུལ་ཕོངས་རྫོང་༼ ཆུས ༽74 ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་སྟེ། དབུལ་གྲོལ་འགག་སྒྲོལ་ལས་ཀར་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་ཡོད། བོད་ལྗོངས་འདི་ཉིད་ཡོངས་སུ་ནས་དབུལ་གྲོལ་ཐུབ་པ་དེ་ནི་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་མཚོན་སྟངས་ཤིག་ཡིན་པ་དེ་ཡང༌། འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་བརྒྱ་ཆ 95 ཟིན་པ་དང༌། གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱབ་ཚད་བརྒྱ་ཆ 95 ཡན་ཟིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ 71.1 བར་རིང་དུ་ཕྱིན་པ། གྲོང་ཁྱེར་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར 41156 དང་། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར 14598 ཟིན་པ་བཅས་བྱུང་ནས། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་འཁོད་ཡོད།
གསར་འགྱུར་དེའི་ནང༌དུ་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་གི་དབུལ་ཕོངས་གནས་ལས་སྒྲོལ་ཐུབ་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་བཞིན་ཡོད་ཅེས་འཁོད་ཡོད།
རྩོམ་སྒྲིག་པ། རིག་གྲོལ།