ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > དཔྱད་གཏམ།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་དམ་འཛིན་བྱས་ནས་མཛེས་སྡུག་ལྡན་པའི་མཐོ་སྒང་སྲུང་དགོས།

སྤེལ་དུས 2021-09-16 ཡོང་ཁུངས། བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ། ངག་དབང་དོན་གྲུབ་ཀྱིས་བསྒྱུར།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་བསྟན་དོན།  བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བསྐལ་བརྒྱར་ཕན་པའི་བྱ་བ་ཞིག་ཡིན།  རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། ས་འཁྱགས་གངས་འཁྱགས་ཡང་དེ་དང་དེ་ལྟའོ་ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། སྐྱེ་ཁམས་གྱི་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་གླིང་སྣེ་གསུམ་པར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།  བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རིང་བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་བོད་ལྗོངས་ཀྱི་དམིགས་བསལ་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་འཚོ་གནས་དང་འཕེལ་རྒྱས་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ལ་བརྩིས་ནས་ལྗང་མདོག་རྒྱུན་མཐུད་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ནན་ཏན་བྱས་ནས་མཛེས་སྡུག་ལྡན་པའི་ས་མཐོར་སྲུང་སྐྱོང་ཡག་པོ་བྱས་ཡོད། 
          རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞིང་།  བོད་ལྗོངས་ནི་མིང་དོན་མཚུངས་པའི་གཏེར་མཛོད་ཅིག་ཡིན་ལ་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད།  བོད་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ནས་གནམ་སྔོན་དང་།  ཆུ་དྭངས།  ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཁྱོན་ཡོངས་ནས་སྤེལ་བ་དེ་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་མཐུན་ནས་ཕན་འབྲས་བཟང་པོ་ཐོན་ཡོད།   འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་ཚབ་བྱེད་དངོས་པོ་མེད་པས་བེད་སྤྱོད་བྱས་ཀྱང་ཚར་རྒྱུ་མེད་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། 
ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལམ་ལུགས་ནན་ཤོས་ཀྱི་ཐོག་ནས་སྐྱེ་ཁམས་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས།  རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྤེལ་ལམ་ལུགས་ཀྱི་ཁོངས་གཏོགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་འདེད་དང་། དཔྱད་ཞིབ། འགན་འཁྲི་འདྲི་རྩད་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁོངས་གཏོགས་ཀྱི་ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ལམ་ལུགས་ནན་གཏོང་། འགན་འཁྲི་བདའ་འདེད་ནན་གཏོང་བཅས་བྱས་ནས་ཁོངས་གཏོགས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པའི་ལམ་ལུགས་དང་ཁོར་ཡུག་ཁོངས་གཏོགས་ཀྱི་འགྱུར་མེད་གཅུན་སྡོམ་ཆགས་པར་བྱེད་དགོས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་འཛུགས་རྒྱུ་དེ་གཏིང་ཟབ་དང་ཞིབ་ཚགས།  དོན་དངོས་བཅས་སུ་སྤེལ་དགོས།  སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་མཁན་གྱི་ལས་བྱེད་པ་དེ་དག་ལ་འགན་འཁྲི་བདའ་འདེད་བྱས་ནས་ཚེ་གང་འགན་འཁྲི་བདའ་འདེད་བཏང་སྟེ་ལམ་ལུགས་དེ་རེག་མི་ཐུབ་པའི་མཐོ་གནོན་གློག་སྐུད་དུ་འགྱུར་བ་བྱེད་དགོས། 
          དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དེ་བློ་ལ་ནང་བྱན་ཆུད་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་དགོས།  སྐྱེ་ཁམས་ཁོར་ཡུག་ནི་ང་ཚོ་འཚོ་གནས་དང་དང་འཕེལ་རྒྱས་གཏོང་བའི་ཁྱིམ་གཞིས་ཡིན་པས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ནུས་པ་འདོན་དགོས།   ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་དང་། ཉེན་ཟོན་སློབ་གསོའི་པར་གཞི་པར་ལེན། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་སློབ་ཁང་ནང་ཚུད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མང་ཚོགས་ཀྱི་སེམས་ནང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ནས་འགོ་བཙུགས་པའི་འདུ་ཤེས་བཙུགས་ཏེ་སྤྱི་ཚོགས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ནས་གད་སྙིགས་རིགས་དབྱེ་དང་ཤིང་འཛུགས་ནགས་བཟོའི་ལས་དོན་ཆུང་ངུ་དེ་རིགས་ནས་འགོ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་ཆེན་ལེགས་སྒྲུབ་བྱ་དགོས། 
          དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།  “སྐྱེ་ཁམས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་རེད་”ཅེས་པར་གོ་བ་གཏིང་ཟབ་བླངས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་འདུ་ཤེས་བརྟན་པོ་བཙུགས་ཏེ་རྒྱུན་མཐུད་ཀྱི་བྱ་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་གང་ལེགས་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།   དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་དོན་གཉེར་བྱེད་མི་རུང་བ་དང་། ཐ་ན་ཁོར་ཡུག་བློས་བཏང་ནས་དཔལ་འབྱོར་འཕར་སྣོན་ཡོང་བ་བརྩོན་ལེན་བྱེད་པའི་ལམ་རྙིང་དུ་བསྐྱོད་མི་རུང་སྟེ། གསར་གཏོད་བྱེད་མཁས་པ་དང་། སྐྱེ་ཁམས་གྱི་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་ལམ་བུ་གསར་པ་སྲུང་སྐྱོང་བྱས་ཏེ། ས་མཐོའི་ས་གཙང་སྲུང་སྐྱོང་ཡག་པོ་བྱེད་དགོས། 
          བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པར་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཛུབ་ཁྲིད་དུ་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་ཤུགས་ཆེན་བསྟར་དགོས།   བློ་བརྟན་འགྱུར་མེད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་བསྒྲུབ་པ།  བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གྱི་ཁོར་ཡུག་བཅོས་སྐྱོང་གི་ཁོངས་གཏོགས་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཚེ་གཞི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པའི་ཐོག་ངོ་མཚར་ཆེ་བའི་རི་མོ་ཞིག་བཀོད་ཐུབ་པ་དང་།  གཞི་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།