ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། > བོད་ལྗོངས་ཀྱི་གཏམ་རྒྱུད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལོ་ངོ་70ཡི་རིང་མངའ་རིས་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

སྤེལ་དུས 2021-08-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ལོ་ངོ་70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་གཅིག་རྗེས་གཉིས་མཐུད་བྱུང་ནས་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་68.6ཟིན་པ་དེ་1965ལོའི་ལྡབ་873དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13892ཟིན་པ་དེ་1965ལོའི་ལྡབ་154རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་43988ཟིན་པ་དེ་1965ལོའི་ལྡབ་116བཅས་རེད།
             བསྡོམས་རྩིས་ལ་གཞིགས་ན། 2020ལོར་མངའ་རིས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་52བཏང་བ་དེ་1965ལོའི་ལྡབ་2276རེད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.45ལེགས་གྲུབ་བྱུང་བ་དེ་1965ལོའི་ལྡབ་1105རེད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་14.47ཟིན་པ་དེ་1965ལོའི་ལྡབ་856རེད། ས་ཁུལ་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.57ཟིན་པ་དེ་1965ལོའི་ལྡབ་960རེད།
             གསར་འགྱུར་མགྲིན་ཚབ་པ་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་བཅས་ཡིན་པའི་ཀྲང་ཞའོ་ཕིང་གིས་ངོ་སྤྲོད་བྱས་དོན་ལོ་ངོ་70ཡི་འཕེལ་རྒྱས་བརྒྱུད་མངའ་རིས་ས་ཁུལ་མང་ཚོགས་ཀྱི་ཕྱིར་སྐྱོད་དཀའ་བ་དང་། སྡོད་ཁང་དཀོན་པ། ཚལ་རིགས་དཀོན་པ། དྲོད་རླངས་མཁོ་འདོན་དཀའ་བ། གསོ་རླུང་མཁོ་འདོན་དཀའ་བ་སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད།
             རྨང་གཞིའི་སྒྲིག་བཀོད་ཆེས་ཆེར་ལེགས་སུ་ཕྱིན་པ་དང་། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་དངོས་སུ་སྤྱོད་འགོ་ཚུགས་པ། དགུན་ས་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། སྤུ་ཧྲེང་གནམ་ཐང་གསར་སྐྲུན་ལས་གྲྭ་བདེ་བླག་ངང་ལས་འགོ་ཚུགས་པ། ཤིན་ཅང་མིན་ཧྥུང་ནས་སྒེར་རྩེ་བར་གྱི་རྒྱལ་ཁབ་མཐའ་སྲུང་གཞུང་ལམ་གྱི་འཕེལ་རིམ་བདེ་བླག་ཡོད་པ། G317དང་G216ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ། གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་2.13ཟིན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་། 95% 85%བཅས་སོ་སོར་ཟིན་པ། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་དང་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་100%ཟིན་པ། རྒྱ་སྨུག་ཞིང་ཆུ་གཏོང་ཁུལ་དང་། རབ་རྒྱས་གླིང་ཞིང་ཆུ་གཏོང་ཁུལ། སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ་ཀྱི་འབབ་རྒྱུད་བཅོས་སྐྱོང་སོགས་ཆུ་བེད་རྣམ་གྲངས་གལ་ཆེན་མང་པོ་བསྐྲུན་ཟིན་པ་དང་། སྟོད་ཡུལ་ཆུ་མཛོད་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ། རྫོང་5ཡི་རྫོང་གྲོང་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་14ལ་གཅིག་སྡུད་དྲོད་རླངས་མཁོ་འདོན་ཐུབ་པ་དང་། རྫོང་7གྱི་རྫོང་གྲོང་དང་ཤང་དང་གྲོང་རྡལ་37ལ་གཅིག་སྡུད་གསོ་རླུང་མཁོ་འདོན་ཐུབ་ནས་ས་ཁུལ་ཡོངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་30%ཟིན་ཡོད།
             དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ། 2019ལོའི་ལོ་མཇུག་བར། ས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན། དུད་ཚང་དབུལ་པོ་6124ཡི་མི་23293དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་7གྱི་དབུལ་ཞྭ་བདེ་བླག་ངང་ཕུད་ཐུབ་པ། གྲོང་ཚོ་དབུལ་པོ་139ཚང་མ་དབུལ་སྒྲོལ་ཐུབ་པ་བཅས་བྱུང་སྟེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་པ་རེད།
             སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ནགས་བཟོ་མུའུ་ཁྲི་5.3ལེགས་གྲུབ་ཟིན་པ། སྡོང་ཕྲུག་རྐང་ཁྲི་885འཛུགས་པ་དང་། རྩྭ་མུའུ་6100བཏབ་པ། 2020ལོར་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུས་མངའ་རིས་ས་ཁུལ་ལ་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་ཁག་བཞི་པའི་མཚན་སྙན་སྤྲད་པ་རེད།
             མཐའ་མཚམས་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་37བསྐྲུན་པར་དུད་ཚང་5756གི་མི་21205ལ་ཕན་པ་ཐོབ་ཡོད། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་90%དང་87%སོ་སོར་ཟིན་པ་དང་། མཐའ་མཚམས་གྲོང་གསེབ་ལ་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཐུབ་ཚད་98%ཟིན་པ་བཅས་རེད།
             སྲིད་སྐྱོང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ནས་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་བརྒྱ་དང་། ཏང་འཛུགས་སྐྱོང་གི་སྤུས་རྟགས་དཔེ་སྟོན་གྲོང་ཚོ་དང་གསར་དར་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་33བཙུགས་པ་དང་། ས་ཁུལ་ཡོངས་སུ་གཞི་རིམ་ཏང་རྩ་འཛུགས་737དང་ཏང་ཡོན་18359བར་འཕེལ་རྒྱས་བྱུང་བ་རེད། 
རྩོམ་སྒྲིག་པ། སྣང་རྡོར།