ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > དཔྱད་གཏམ།

ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་དགོས།

སྤེལ་དུས 2021-11-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
          ལོ་བརྒྱའི་རྒྱང་སྐྱོད་ལམ་དུ་ཟིལ་རླབས་དགུང་དུ་འཕྱུར། ལོ་བརྒྱའི་འབད་འཐབ་གྲུབ་འབྲས་འོད་སྟོང་རབ་ཏུ་འབར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པའི་ལོ་བརྒྱའི་བརྒྱུད་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ཏང་གིས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བཏོད་པའི་ལོ་རྒྱུས་ཀྱི་མཛད་རྗེས་རླབས་པོ་ཆེར་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ། 《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་གསར་པ་ལེན་པ་བཅས་ཀྱི་ངོས་ནས་བརྗོད་ན། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
          《གྲོས་ཆོད》འདི་ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་གསར་གཏོད་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། དེ་ནི་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་གཅིག་རྒྱུན་གཅིག་འཛིན་རེད་ལ། དུས་བསྟུན་འཕེལ་རྒྱས་ཀྱང་བཏང་ཡོད་པས། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་པར་སྐུལ་མ་ཐེབས་ངེས་རེད། མིག་སྔར་ང་ཚོར་འཕྲད་པའི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་ནི། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་སྔར་ལས་ལྷག་པར་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།
          1921ལོར་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཚུན། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས་བྱེད་པ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩི་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་བརྩོན་ལེན་བྱ་ཆེད་འབད་འཐབ་ལྷོད་མེད་བཅས་བྱས་ནས། ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཡོད། ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་དང་། རང་སྟོབས་རང་སྤེལ་དང་འབད་འབུངས་སྟོབས་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ། བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ། རང་ཚུགས་རང་འབད་དང་དྲང་སྲུང་གསར་གཏོད་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། ཏང་དང་མི་དམངས་ཀྱིས་ལོ་བརྒྱའི་རིང་འབད་འཐབ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་དར་རྒྱས་ཆེ་ཤོས་ཀྱི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་བས་ཀྱང་མེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་ལྟ་བུ་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་དང་འབྲེལ་བ་ཟབ་མོ་ཡོད་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱུང་ཡོད། 《གྲོས་ཆོད》ཀྱིས་ཤུགས་རྒྱག་ས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་ཐད་བཞག་ཡོད་པས། ཏང་ཡོངས་ཀྱི་བློ་གྲོས་འཕེལ་བ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཡིད་ཆེས་ཆེ་རུ་གཏོང་བ། ངར་ཤུགས་འཕེལ་བ་བཅས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་ངེས་རེད་ལ། ཤུགས་རྐྱེན་གལ་ཆེན་ཡང་ཐེབས་ངེས་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་། འཛམ་གླིང་ལ་ལོ་བརྒྱར་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་སྟངས་འཛིན་དང་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་རེད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་བྱས་པ་ལས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། 《གྲོས་ཆོད》ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། དཔལ་འབྱོར་འཛུགས་སྐྲུན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ཆབ་སྲིད་འཛུགས་སྐྱོང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས། མེས་རྒྱལ་གཅིག་གྱུར་དང་ཕྱི་འབྲེལ་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་13གྱི་ཐད་ནས་ཁྱབ་ཁོངས་ཕྱེ་སྟེ། དུས་རབས་གསར་པར་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཕྱོགས་སྡོམ་བྱས་པ་དང་། ལོ་དགུ་ཚུན་གྱི་ཐོག་མའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་ཕན་འབྲས། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་ལ་གཙོ་གནད་ཕྱོགས་སྡོམ་བྱས་ཡོད། 《གྲོས་ཆོད》ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འབུར་དུ་ཐོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། བསགས་པའི་ཉམས་མྱོང་གསར་པ་བཅས་ལ་གཙོ་གནད་ཕྱོགས་སྡོམ་བྱས་ཡོད་པས། ཏང་ཡོངས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་སོང་བ་དང་སྙིང་སྟོབས་སྔར་བས་འཕེལ་ནས། ང་ཚོས་སྒྲུབ་བཞིན་པའི་ལས་དོན་ལ་དམིགས་ཏེ་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་གཏོད་པར་སྐུལ་ལྕག་ཆེན་པོ་ཐེབས་ངེས་རེད།
          འདས་ཟིན་པའི་ལོ་བརྒྱའི་རིང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་བྱུང་གི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་དུ་སྐྱོད་བཞིན་ཡོད། དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཅོས་མཁན་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁ་སང་གི་སྡུག་བསྔལ་དང་འོད་སྟོང་མ་བརྗེད་པ། དེ་རིང་གི་ལས་འགན་དང་འགན་འཁྲིར་ངོ་གནོང་མི་དགོས་པ། འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཚེ། ང་ཚོར་མུ་མཐུད་གྲུབ་འབྲས་ཡག་པོ་འཐོབ་ངེས་རེད་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དུས་རབས་གསར་པའི་འོད་སྟོང་དང་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོན།