ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྤྱི་ཚེས་8ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་སྐུ་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་གནང་བ་མ་ཟད། ཏང་གི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་(གྲོས་བསྡུར་མ་ཟིན་)སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཀྱང་གནང་ཡོད་པ་རེད།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ།
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ་2017ལོའི་ཟླ་10ཚེས་25ཉིན་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན་204དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་171ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་རྗེས་གསུང་བཤད་གལ་ཆེན་ཡང་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་འདེམས་བསྐོ་བྱས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཐེངས་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བའི་ལས་འགན་ལེགས་སྒྲུབ་བྱས་ཡོད། ཏང་དང་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ང་ཚོར་སྤྲད་པ་དེ་ནི་ང་ཚོར་ཡིད་ཆེས་ཆེན་པོ་གནང་བ་དང་རེ་བ་ནན་པོ་བཅོལ་བ་ཞིག་རེད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རང་འགན་ནན་སྒྲུབ། ལས་དོན་ཧུར་ཐག་སྒྲུབ་ཏེ་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་ཐུབ་པ་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ་2018ལོའི་ཟླ་1ཚེས་18ནས་ཚེས་19ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་203དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་171ཡོད།
ཚང་འཛོམས་གྲོས་ཚོགས་ཐོག རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ་རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱས་ཏེ་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ་2018ལོའི་ཟླ་2ཚེས་26ཉིན་ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་202དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་171ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཏང་ཕྱི་ནང་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་གྲོས་མོལ་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་མཚན་ཐོ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་འོས་སྦྱོར་བྱེད་རྩིས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མིའི་གྲོས་འགོའི་མཚན་ཐོ། གྲོས་འགོ་དེ་གཉིས་ཀྱི་མིང་ཐོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་བྱ་རྒྱུའི་གཏན་
འབེབས་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞིའི་ནང་དོན་ཁག་གཅིག་ཁྲིམས་གཏན་འཁེལ་བའི་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ།
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་སྤྱི་2019ལོའི་ཟླ་10ཚེས་28ཉིན་ནས་ཚེས་31ཉིན་བར་པེ་ཅིན་དུ་འཚོགས་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་202དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་169ཡོད།
ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་གྲོས་བསྡུར་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་ཆོད་དོན་(གྲོས་བསྡུར་མ་ཟིན་)སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་ཡོད་པ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་། བརྟན་ཤུགས་རྒྱུན་འཁྱོངས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། གསར་གཏོད་སྲོལ་འབྱེད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷུར་ལེན་བྱ་དགོས་པའི་འབོད་སྐུལ་བྱས་ཡོད།
སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།
ཀྲུང་གོའི་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ལོ་2020ལོའི་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་198དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་166ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་ནས་གྲོས་བསྡུར་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་གྲོས་འགོའི་(གྲོས་བསྡུར་མ་ཟིན་)སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་འགན་སྤྱི་དང་ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ཚབས་ཆེ་བའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་མདུན་སྐྱོད་དང་གསར་འབྱེད་གསར་གཏོད། འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་དེ་མུ་མཐུད་རླུང་བརྟེན་རླབས་གཤགས་དང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་བའི་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཞུམ་མེད་འབད་འཐབ་བྱས་ན། ང་ཚོས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཐོན་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་ནུས་ལྡན་གྱི་སྒོ་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་སླར་ཡང་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།