ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > སྒྲོག་འགྲེལ།

བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

སྤེལ་དུས 2021-11-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཟླ་11ཚེས་8ཉིན་ནས་11ཉིན་བར་འཚོགས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ང་ཚོར་འཆར་གཞི་དང་དམིགས་ཚད་དང་། འཐབ་ཇུས་བཀོད་པ། ལས་དོན་བཀོད་སྒྲིག་བཅས་རབ་དང་རིམ་པ་གཏན་འཁེལ་བྱས་པ་དེ་མི་སེམས་ལ་སྐུལ་མ་ཐེབས་པ་དང་མི་རྣམས་འབད་འབུངས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་ཐེབས་ཐུབ་པ་ཞིག་ཡིན་པས་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
          “ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས། ཕྱུག་པོ་ཆགས་པ་དང་། སྟོབས་ཆེར་ཕྱིན་པ་བཅས་ཀྱི་རླབས་ཆེན་གྱི་འཕུར་མཆོང་བསུས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འདི་ཉིད་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་ལས་བྱེད་པ་ལེའོ་ཐན་པིང་གིས་བཤད་པ་དང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་ན་མེད་པའི་གཅིག་སྒྲིལ་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་ཉིན་བཞིན་སྲ་བརྟན་དུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། “སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་བློ་གསར་པ་དང་ཆོད་སྡོམ་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།
          ལྷ་ས་གྲོང་ཁྱེར་ཁྲེང་ཀོན་བུ་བཅོལ་ཁང་དང་པོའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་ལས་མི་དམངས་ཉེན་རྟོག་པ་ཚོར་དེ་བས་སྐུལ་མ་ཆེན་པོ་ཐེབས་ཡོད། “མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་་ངོས་ནས་ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་སྤྱོད་ཚུལ་སྔར་བས་ཟབ་ཏུ་གཏོང་རྒྱུ་མ་ཟད། དེ་དང་དུས་མཚུངས་སྔོན་ཐོན་ལ་སློབ་སྦྱོང་དང་རྒན་རབས་ལ་སློབ་སྦྱོང་། རང་ངོས་ཕྱོགས་སྡོམ་དང་སྐྱོན་སྤངས་དགེ་སྒྲུབ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་ལས་ཀའི་ལག་ལེན་གྱི་སྒུལ་ཤུགས་ཆེན་པོར་གྱུར་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་མི་དམངས་ཉེན་རྟོག་པ་ལུའི་དབྱིས་གསར་འགོད་པར་བཤད།
          “ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བ་བཏོན་ཡོད། སྐད་ཆ་དེས་ངར་བག་ཆགས་ཟབ་མོ་བྱུང་ལ་མྱོང་ཚོར་ཡང་ཟབ་མོ་བྱུང”ཞེས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་ཚུལ་ཁྲིམས་མགོན་པོས་བཤད། ཁོང་གིས“ང་ཚོས་ལས་སླ་པོར་བྱུང་བ་མིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅེས་འཛིན་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས‘གཏན་འཁེལ་གཉིས’དེ་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཏན་ཏིག་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
          ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་བྱས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་ནང་བཏོན་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་དམངས་ཀྱི་འཚོ་བ་ཕྱོགས་གང་ས་ཅི་ཐད་ནས་ལེགས་སུ་འགྲོ་ཚུལ་ཐད་མྱོང་ཚོར་གཏིང་ཟབ་བྱུང་ཡོད། ཁོང་གིས“ཉེ་ལམ་ལོ་ཤས་ནང་ང་ཚོའི་གྲོང་ཚོར་རྒྱ་ཆེ་ཞིང་ཁོད་སྙོམས་པའི་གཞུང་ལམ་བསྐྲུན་པ་དང་ཡུལ་མི་སྤུན་མཆེད་ཚང་མ་གྲལ་སྟར་འགྲིག་ལ་མཛེས་སྡུག་ལྡན་པའི་ཁང་པར་སྤོ་རྒྱུ་བྱུང་བས་འཚོ་བའི་ཁོར་ཡུག་དང་འཚོ་བའི་སྤུས་ཚད་དངོས་དངོས་རྗེན་རྗེན་གྱིས་མཐོ་རུ་ཕྱིན་ཡོད། སླད་ཕྱིན་ངས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཏེ་དེ་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།