ཀྲུང་གོའི་བོད་ལྗོངས་དྲ་བ། > ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། > སྒྲོག་འགྲེལ།

ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་བ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་འབྱུང་འགྱུར་གཏོད།

སྤེལ་དུས 2021-12-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་11ཚེས་8ནས་11ཉིན་བར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ་རེད། ཚང་མས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་སྔོན་ཆད་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་འཆང་བ། སྔ་བར་ཕྱི་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་མེད་པ། དཀའ་སྤྱད་འབད་འཐབ་བཅས་བྱས་ཐོག་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་མིག་སྔའི་ལས་དོན་ཡག་པོ་སྒྲུབ་པ་དང་དམིགས་ཚད་དམ་པོར་བཟུང་བ་དང་ལྷོད་གཡེང་མི་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
        ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་དེ་ནི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཤའོ་ཁྲོན་ཅང་གིས་དུས་རབས་གསར་པར་རང་ལྗོངས་ཀྱི་རིག་གནས་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་པོ་ཞིག་བསུས་ཡོད་པས་ང་ཚོས་རིག་གནས་སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་ཡོངས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་འབྲེལ་ཡོད་དབང་གྲགས་ལྡན་པའི་གསལ་འགྲེལ་རྩོམ་ཡིག་སློབ་སྦྱོང་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཅུས་དེའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་བཀྲ་ཤིས་དབྱངས་སྐྱིད་ཀྱིས་ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཡང་དག་པའི་སྟོན་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལས་བྱེད་པ་དང་ལས་བཟོར་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། བློ་སྟོབས་ཆེར་སྐྱེད་ཀྱིས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཞིབ་འཇུག་ཁང་གི་ཀྲུའུ་དབྱང་དབྱང་གིས“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གྲོལ་བའི་དགོང་མོར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་བྱས་པ་དང་ཚོགས་འདུ་གྲོལ་རྗེས་ཀྱི་ཉིན་གཉིས་པར་ཀྲུང་གུང་ཀྲུང་དབྱང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཅིག་སྡུད་ཐོག་བལྟས་པ་ཡིན། ང་ཚོས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་སྲོག་ཤིང་གི་རླབས་ཆེན་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེན། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུའི་རླབས་ཆེན། ཏང་གི་རྩ་ཆེའི་ཉམས་མྱོང་གི་རླབས་ཆེན་བཅས་མྱོང་ཚོར་ཟབ་མོ་ཐུབ་ནས་ངར་ཤུགས་འཕེལ་བ་དང་། ལྕག་སྐུལ་ཐེབས་པ། སྤོབས་སེམས་རབ་ཏུ་འཕེལ་བྱུང་། བཟོ་ཚོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས། ཡིད་ཆེས་དང་། སྟོབས་ཤུགས། ངར་ཤུཌ་བཅས་སྔར་བས་ཆེ་བའི་སྒོ་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས། ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’‘ལམ་གཉིས’ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུཌ་ཆེན་གཏོང་བ་དང་ཡིད་ཆེས་བརྟན་གཏོང་དང་བོད་དུ་གཞི་ཚུགས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བཟོ་ཚོགས་མི་སྣའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།