དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ལྗོངས་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་དོན་ཆེན་སྒྲུབ་པའི་ཐབས་ཇུས་ལེགས་འགོད་གནང་བ། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོག་རྒྱུའི་ཇུས་འགོད་དང་བཀོད་སྒྲིག་གནང་བ། བོད་ལྗོངས་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གནང་བ་བཅས་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་པ། བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་སྟངས་འཛིན་ནན་པོ་བྱེད་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་བྱས་པ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ། དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་བདེ་འཇགས་ཚོར་སྣང་ལ་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་དང་གོང་བུ་སྒྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་པ། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་འཕེལ་རྒྱས་ཀྱི་ཞན་ཆ་ཟམ་མི་ཆད་པར་བསལ་བ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཡོད། མཁའ་ལམ་141ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་67ལ་མཁའ་ལམ་ཤར་གཏོང་ཐུབ་པ། གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་11.88ཟིན་པ། རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་688ཟིན་པ། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། ལྷ་ཉིང་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པ། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4སྔ་རྗེས་སུ་བསྐྲུན་ཟིན་པ། རང་སྐྱོང་ལྗོངས་སྨན་ཁང་སོགས་དམངས་འཚོའི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624སྤྱིར་ན་བསྐྲུན་ཟིན་པ། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་423.05ཟིན་པ་ལས་ནུས་རྒྱུ་གཙང་མས་89.6%བཟུང་བ་བཅས་རེད།
མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། 2020ལོར་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་41156དང་སྒོར་14598སོ་སོར་ཟིན་པ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་བཅས་བོད་ལྗོངས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་རྐྱང་གི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། མང་ཚོགས་ཀྱི་ཟས་གོས་སྡོད་སྤྱོད་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། འཚོ་བའི་གཏོང་སྒོ་ཁེར་རྐྱང་ནས་སྣ་མང་ཅན་དུ་གྱུར་པ། འགྲིམ་འགྲུལ་དང་འཕྲིན་གཏོང་དང་། སློབ་གསོ་རིག་གནས། རོལ་རྩེད་ཞབས་ཞུ། སྨན་བཅོས་འཕྲོད་སྦྱོར་བཅས་ཀྱི་མི་རེའི་ཆ་སྙོམས་གཏོང་སྒོ་རྒྱུན་ཆད་མེད་པར་འཕར་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1ཟིན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།
སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི་མཐོ་ཚད་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་པས། ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་རྩྭ་ཐང་ཕྱོགས་བསྡུས་ཁྱབ་ཚད་47%བར་མཐོ་རུ་ཕྱིན་ཡོད། བོད་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།
ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་པ། ཐོག་མཐའ་བར་གསུམ་དུ“བརྟན་པོ་འཛུགས་དགོས་པ་གསུམ”ཐུབ་པར་བྱས་ཏེ་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཇོག་པ་དང་ཆབ་སྲིད་ཀྱི་ནུས་པ་མངོན་པར་བྱས་ནས་གཞི་རིམ་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཡོད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་བོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གིས་བོད་ལྗོངས་སུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། “བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”བསམ་བློའི་འཁྱེར་སོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་སེམས་བཅངས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་གཏོང་བ། ལས་དོན་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། འཇོན་ཐང་ཆེ་རུ་དང་སྤྱོད་ཚུལ་ལ་ཞུན་བརྡར་བྱེད་པ། བོད་ལྗོངས་ཀྱི་ལས་དོན་གྱི་ཆོས་ཉིད་རང་རྟོགས་ངང་ཁོང་དུ་ཆུད་པར་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས། འཐབ་རྩོད་བྱེད་ཕོད་པ་དང་ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
གྲུབ་འབྲས་དེ་དག་ནི་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ལས་བྱུང་བ་ཞིག་རེད། ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཁྲོད་ནས་སྲོག་ཤིང་ལ་བརྩི་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
རྩོམ་སྒྲིག་པ། རིག་གྲོལ།