དུས་རབས་གསར་པར་སི་ཁྲོན་བཅོས་སྒྲིག་དང་དར་རྒྱས་ཀྱི་ལེའུ་གསར་པ་བརྩམས།
སྤེལ་དུས 2021-06-28
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ། ཕོང་ཆིང་ཧྭ།
སི་ཁྲོན་ནི་གསར་བརྗེའི་ས་བོན་དང་སྲོལ་རྒྱུན་ལྡན་པའི་ས་གཞི་ཆེན་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་བརྟག་ཞིབ་དང་མཛུབ་ཁྲིད་ཐེངས་མང་གནང་བ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། སི་ཁྲོན་བཅོས་སྒྲིག་དང་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་བླང་བྱ་བཏོན་ཡོད་ལ། དུས་རབས་གསར་པའི་སི་ཁྲོན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཁ་ཕྱོགས་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2012ལོའི་སྒོར་དུང་ཕྱུར་ཁྲི་2.39ནས་2020ལོའི་སྒོར་དུང་ཕྱུར་ཁྲི་4.86བར་འཕར་ནས་དུང་ཕྱུར་ཁྲི་གཉིས་ཀྱི་སྐས་རིམ་དུ་སླེབས་ཡོད། འགག་སྒྲོལ་དམག་འཐབ་གསུམ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་སི་ཁྲོན་གྱི་ལེའུ་ཧུར་ཐག་བརྩམས་ཡོད།
གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་པ། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོར་བརྩི་རྒྱུ་མཐའ་ཁྱོངས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཙོ་རྒོལ་ཁ་ཕྱོགས་ལ་བརྩིས་ནས་བཟོ་ལས“5﹢1”དང་། ཞབས་ཞུའི་ལས་རིགས“4﹢6” ཞིང་ལས“10﹢3”བཅས་ཀྱི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ་2012ལོའི་13.8∶52.8∶33.4ནས་2020ལོའི་11.4∶36.2∶52.4བཅས་སུ་ལེགས་སྒྲིག་བྱས་ཡོད།
འཕེལ་རྒྱས་ཀྱི་ཁྱོན་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་ཕྱིན་ནས་ས་ཁུལ་དབར་གྱི་ཧེ་བག་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་ཕྱིན་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཐུན་པ་བྱས་ཏེ་ཁྲེང་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་བསྐྲུན་རྒྱུ་དེ་འཐབ་ཇུས་ཀྱི་ཁྲིད་སྟོན་དུ་བྱས་ནས། “གཙོ་བོ་གཅིག་དང་ཡན་ལག་མང་བ་དང་ཁུལ་ལྔ་མཐུན་སྦྱོར”ལ་སྐུལ་འདེད་གཏིང་ཟབ་བཏང་བ་མ་ཟད། སི་ཁྲོན་གྱི་གྲོང་ཁྱེར་ཁག་མཉམ་འགུལ་དང་། སྣེ་ཁྲིད་ཧུར་ཐག གཙོ་བོ་དང་ཡན་ལག་མཉམ་འགུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁྲེང་ཏུའི་ཀླུང་ཐང་དཔལ་འབྱོར་ཁུལ་དང་། ཁྲོན་ལྷོའི་དཔལ་འབྱོར་ཁུལ། སི་ཁྲོན་གྱི་བྱང་ཤར་དཔལ་འབྱོར་ཁུལ། ཧྥན་ཤིས་དཔལ་འབྱོར་ཁུལ། སི་ཁྲོན་གྱི་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་སོགས་ཁུལ་ཆེན་ལྔ་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་བྱེད་ཐབས་གསར་པ་དམ་འཛིན་ཏན་ཏིག་བྱས་ཏེ་དེང་རབས་ཞིང་ལས་གླིང་བསྐྲུན་རྒྱུ་དེ་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་དང་གྲོང་ཚོ་རིམ་པའི་ལམ་ལུགས་བཟོ་བ་དང་ལེགས་སྒྲིག་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན་ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་2012ལོའི་43.5%ནས་2020ལོའི་55%བར་འཕར་བ་དང་བཟོ་ལས་དང་ཞིང་ལས་ཕན་ཚུན་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་གྲ་རྒྱས་བཅས་ཀྱི་བཟོ་ཞིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་མགྱོགས་མྱུར་བསྐྲུན་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་མ་ཐེབས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་པ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་དམ་འཛིན་ཏན་ཏིག་བྱེད་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། འབྲི་ཆུ་རྒྱུག་ཁུལ་དུ་ཉ་འཛིན་མི་ཆོག་པའི་བྱེད་ཐབས་དམ་འཛིན། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་གལ་ཆེན་ལག་བསྟར་བཅས་བྱས་ཡོད། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་2012ལོའི་35.3%ནས་2020ལོའི་40%བར་འཕར་བ་དང་། ན་ནིང་ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་90.8%ཟིན་པ་དང་ཆུའི་སྤུས་ཚད་ཀྱང་ལེགས་པའི་ཚད་གཞིར་སླེབས་ཡོད་པ་རེད།
ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གྲུབ་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ“ཕྱོགས་བཞིར་རྒྱ་སྐྱེད་དང་ས་ཁོངས་ཧྲིལ་པོ་སྒོ་མོ་འབྱེད་རྒྱུར”སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་སྐྲུན་པའི་ནང་ཧུར་ཐག་ཞུགས་པ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་སོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཚད་ཆ་367ཟིན་པ། སི་ཁྲོན་དུ་གཞི་ཆགས་པའི་འཛམ་གླིང་གི་ཁེ་ལས་རབ་གྲས་500ཡི་ཁེ་ལས་364ཡོད་པ། ཅིང་ཅིན་ཅི་དང་། འབྲི་ཆུའི་ཟུར་གསུམ། གཡོད་ཀང་ཨའོ་ཡི་ཁུག་ཆེན་ཁུལ་བཅས་དང་དེ་བཞིན་མཐའ་འཁོར་ཞིང་ཆེན་དབར་གྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། སྒོ་འབྱེད་བགྲོད་ལམ་དང་། སྒོ་དབྱེའི་སྟེགས་བུ། སྒོ་དབྱེའི་ཁོར་ཡུག་སོགས་བསྐྲུན་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ཁྲེང་ཏུའུ་ཐེན་ཕུའུ་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ནས་དངོས་སུ་སྤྱོད་ཉེར་ཡོད་པ། ཁྲོན་བོད་ལྕགས་ལམ་དང་ཁྲེང་ཏུའུ་དང་སི་ཁྲོན་གྱི་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ཁག་གཅིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་བསྡོམས་འབོར་ལོ་བཞི་བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་སྟེ་སི་ཁྲོན་འདི་ཉིད་ནང་སའི་ལྟེ་བའི་ཁུལ་ནས་སྒོ་དབྱེའི་མདུན་སྐྱོད་གྲོང་ཁྱེར་དུ་འགྱུར་བཞིན་ཡོད།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལས་འགན་ལ་དམིགས་པ་དང་། ལེང་ཧྲན་དབྱིས་རིགས་ཁུལ་སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་པ། འབད་འབུངས་ཧུར་ཐག་དང“གནད་སྨིན”གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་པར་བརྟེན་ཞིང་ཆེན་ཡོངས་སུ་ད་ཆ་ཚད་གཞི་མན་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་625ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང་དབུལ་པོ་88ཚང་མ་དབུལ་པོའི་ཞྭ་མོ་ཕུད་པ། གྲོང་ཚོ་དབུལ་པོ་11501ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་ལེན། སྡོད་ཁང་སོགས“མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་གཞུང་དྲང་ངང་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། 2012ལོ་ནས་2020ལོ་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ལོར་ཆ་སྙོམས་8.9%དང་10.4%སོ་སོར་འཕར་བ་དེ་དཔལ་འབྱོར་ལོའི་ཆ་སྙོམས་འཕར་ཚད་ལས་མགྱོགས་པ་ཡོད།
རྩོམ་སྒྲིག་པ། རིག་གྲོལ།