“མདེལ་གཉིས་སྐར་གཅིག”ཚོགས་པ། སྙིང་སྟོབས་ཡུན་ནས་ཡུན་དུ་གནས།
སྤེལ་དུས 2021-06-28
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི“མདེལ་གཉིས་སྐར་གཅིག”སྔོན་ཐོན་ཚོགས་པའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས།)
ཁོང་རྣམ་པ་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་མི་རབས་ཤིག་རེད། 1964ལོའི་ཟླ་10ཚེས་16ཉིན། ཡངས་པའི་བྱེ་ཐང་སྟེང་སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དེ་འབར་གས་ལེགས་གྲུབ་བྱུང་བ་དང་། 1966ལོའི་ཟླ་10ཚེས་27ཉིན། རང་རྒྱལ་གྱི་ཉིང་རྡུལ་མདེལ་མགོ་བླུགས་པའི་ས་ནས་སར་འཕེན་པའི་འཕུར་མདེལ་འཕུར་སྐྱོད་འབར་གས་ལེགས་གྲུབ་བྱུང་བ། 1967ལོའི་ཟླ་6ཚེས་17ཉིན། རང་རྒྱལ་གྱི་ཆིང་མདེལ་བར་སྣང་དུ་འབར་གས་ཚོད་ལྟ་ལེགས་གྲུབ་བྱུང་བ། 1970ལོའི་ཟླ་4ཚེས་24ཉིན། རང་རྒྱལ་གྱི་མིས་བཟོས་སྲུང་སྐར་དང་པོ་དེ་འཕེན་གཏོང་ལེགས་གྲུབ་བྱུང་བ་བཅས་རེད། “མདེལ་གཉིས་སྐར་གཅིག”གི་བརྗིད་ཆེའི་བྱ་གཞག་ནི་ཀྲུང་གོ་གསར་པའི་འཛུགས་སྐྲུན་གྲུབ་འབྲས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པའང་ཡིན། བློ་མཐུན་ཏེང་ཞའོ་ཕིང་གིས“གལ་ཏེ་ལོ་རབས་60པ་ནས་བཟུང་ཀྲུང་གོར་རྡུལ་ཕྲན་འབར་མདེལ་དང་ཆིང་མདེལ་མེད་པ་དང་སྲུང་སྐར་འཕེན་གཏོང་བྱས་མེད་ན། ཀྲུང་གོར་ཤུགས་རྐྱེན་གལ་ཆེན་ཐེབས་པའི་རྒྱལ་ཁབ་ཆེན་པོ་ཞེས་འབོད་མི་འོས་ལ་ད་ལྟའི་རྒྱལ་སྤྱིའི་ཐོག་གི་གནས་བབ་འདི་ལྟ་བུའང་མེད། དེ་དག་ལས་མི་རིགས་ཤིག་གི་སྟོབས་ཤུགས་མཚོན་གྱི་ཡོད་ལ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་དར་རྒྱས་གོང་འཕེལ་འགྲོ་བའི་མཚོན་རྟགས་ཀྱང་རེད”ཅེས་གསུངས་ཡོད།
ཁོང་རྣམ་པའི་ཡོན་ཏན་ཁྱད་དུ་འཕགས་ལ་སྒེར་སེམས་མེད་པའི་སྤྱོད་ཚུལ་མཆོག་ཏུ་ལྡན་ཞིང་། “མདེལ་གཉིས་སྐར་གཅིག”ཞིབ་འཇུག་དང་གསར་བཟོ་བྱེད་ཆེད། མི་མང་པོ་ཞིག་གིས་བྱེ་ཐང་དུ་གཞི་ཚུགས་པ་དང་། མིང་མེད་དཔའ་བོ་བྱ་རྒྱུར་མོས་པ། རང་མིང་ངོ་མ་གསང་ནས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། ཐ་ན་ནང་མི་ཚོས་ཀྱང་ཁོང་ཚོས་དངོས་སུ་བསྒྲུབས་པའི་ལས་ཀར་རྒྱུས་མངའ་མེད་པ་མ་ཟད། ལ་ལས་རྩ་ཆེའི་ཚེ་སྲོག་ཀྱང་སྐྱེས་སུ་ཕུལ་ཡོད། ཁོང་རྣམ་པས་རང་སྟོབས་རང་སྤེལ་གྱིས་ཀྲུང་གོ་གསར་པར་ཉམས་པ་ཐམས་ཅད་སོར་དུ་ཆུད་རྒྱུར་ལུས་པ་དང་དབུལ་ཞིང་ཕོངས་པའི་རྨང་གཞིའི་ཐོག་ལས་འགོ་བཙུགས་ཏེ་རྒྱུན་ལྡན་ལས་འདས་པའི་སྙིང་རུས་དང་སེམས་ནུས་ལ་བརྟེན་ནས་འཛམ་གླིང་ལ“མི་གཞན་གྱིས་བསྒྲུབས་ཟིན་པའི་བྱ་བ་ང་ཚོས་སྒྲུབ་ཐུབ་པ་དགོས་ལ། མི་གཞན་གྱིས་སྒྲུབ་མ་ཐུབ་པའི་བྱ་བའང་ང་ཚོས་ངེས་པར་དུ་བསྒྲུབ་རྒྱུ་ཡིན”ཞེས་བཤད།
ལོ་རྒྱུས་ཀྱིས་ཁོང་རྣམ་པ་བརྗེད་མི་སྲིད། 1999ལོའི་ཟླ་9ཚེས་18ཉིན། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ལོ་དེར“མདེལ་གཉིས་སྐར་གཅིག”ཞིབ་འཇུག་བཟོ་སྐྲུན་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ཚན་རྩལ་རིགས་གཅིག་མཁས་ཅན་23ལ་གཟེངས་བསྟོད་བྱས་པ་མ་ཟད། ཡུས་མིན་དང་། ཝང་ཏ་ཧེང་། ཝང་ཞི་ཅི། ཀྲུའུ་ཀོང་ཡ། སུན་ཅ་ཏུང་། རེན་ཤིན་མིན། ཝུའུ་ཙེ་ལེང་། ཁྲེན་ཧྥང་ཡུན། ཁྲེན་ནེང་ཁོན། དབྱང་ཅ་ཁྲན། ཀྲོའུ་ཀོང་ཀྲའུ། ཆན་ཞུའེ་སེན། ཐུའུ་ཧྲོའུ་ཨེ། ཧོང་ཝེ་ལུའུ། ཁྲེང་ཁའེ་ཅ། ཕེང་ཧེང་ཝུའུ་བཅས་ལ“མདེལ་གཉིས་སྐར་གཅིག་གི་བྱས་རྗེས་གཟིགས་རྟགས”སྤྲད་པ་དང་། ཝང་ཅིན་ཁྲང་དང་། ཏེང་ཅཱ་ཤན། ཀྲའོ་ཅིའུ་ཀྲང་། ཡའོ་ཐུང་པིན། ཆན་ཅིས། ཆན་སན་ཆང་། ཀོའོ་ཡུང་ཧུའེ་བཅས་ལ“མདེལ་གཉིས་སྐར་གཅིག་གི་བྱས་རྗེས་གཟེངས་རྟགས”རྗེས་སྤྲོད་བྱས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།