ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར།

བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས།

སྤེལ་དུས 2021-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
           ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འབྲས་སྤུངས་དགོན་དང་། བར་སྐོར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་བཅས་སུ་ཕེབས་ནས།  མི་རིགས་ཆོས་ལུགས་དང་། གནའ་གྲོང་སྲུང་སྐྱོང་། བོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་མང་ཚོགས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། 
           དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་དཀའ་ཚེགས་ཆེ་བའི་འཚོ་གནས་ཁོར་ཡུག་གི་ཁྲོད་དུ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་བདེ་སྐྱིད་ཀྱི་འཚོ་བ་བརྩོན་ལེན་བྱེད་པའི་འབད་འབུངས་ལ་བརྟེན་ནས། སྐད་དང་ཡི་གེ  མཚན་ཉིད་རིག་པ་དང་ཆོས་ལུགས།  བོད་ལུགས་གསོ་རིག གནམ་རིག་སྐར་རྩིས། རོལ་མོ་དང་ཞབས་བྲོ། ཟློས་གར་དང་རྩེད་རིག འཇིམ་བཟོ་དང་རི་མོ། བཟོ་རྩལ་དང་མཛེས་རྩལ་སོགས་ཕུལ་བྱུང་རིག་གནས་འོད་སྟོང་ལྡན་པ་གསར་གཏོད་དང་འཕེལ་རྒྱས་སུ་བཏང་ཡོད། 
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་ཀྱི་ངོས་འཛིན་ནི་ཆེས་གཏིང་ཟབ་ཤོས་ཀྱི་ངོས་འཛིན་ཡིན་པ་དང་། དེ་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་མི་རིགས་འཆམ་མཐུན་གྱི་བླ་སྲོག་རེད”ཅེས་གསུངས་པ་ལྟར། ཀྲུང་ཧྭའི་རིག་གནས་ནི་ཀྲུང་གོའི་མི་རིགས་ཁག་སོ་སོའི་རིག་གནས་ཡིན་པ་དང་། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི“འདུས་གྲུབ་ཆེན་པོ”འདི་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་དེའང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས་དང་། མཉམ་འདྲེས་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་གསེད་བཀྲོལ་དང་།  དེ་ཉིད་ལ་ངོས་ལེན་བྱས་པ་ཞིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། 
           བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྲོ་སེམས་རབ་ཏུ་རྒྱས་པ་དང་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་མི་ཤུགས་དང་། རྒྱུ་ཤུགས། དངོས་ཤུགས་བཅས་འབོར་ཆེན་བཏང་སྟེ། བཅའ་ཁྲིམས་དང་། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་དང་། དེང་རབས་ཀྱི་ཚན་རིག་སློབ་གསོ་དང་རིག་གནས་བྱ་གཞག་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་ལས་ལྷག་པའི་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ལ། མཛེས་སྡུག་རྣམ་པར་བཀྲ་བའི་བོད་ལྗོངས་ཀྱི་རིག་གནས་དེ་ངོ་མཚར་ཆེ་ཞིང་ཐུན་མོང་མ་ཡིན་པའི་སྒོ་ནས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྤྱན་ལམ་དུ་བསྟར་བ་རེད།   
           བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་། ཁྲིམས་སྲོལ། བོད་ལྗོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་དང་སྲིད་གཞུང་གི་སྡེ་ཚན་ཁག་གིས་གཤམ་ལ་སྤྲད་པའི་དངོས་གཞིའི་ཡིག་ཆ་དང་། འགྲེམས་སྤེལ་བྱས་པའི་སྤྱི་བསྒྲགས་ཚང་མ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་སྤེལ་ཡོད་ཅིང་། མིག་སྔར་བོད་ལྗོངས་སུ་བོད་ཡིག་གི་དུས་དེབ་སྣ16དང་། བོད་ཡིག་ཚགས་པར་སྣ12ཡོངས་བསྒྲགས་ཀྱིས་འགྲེམས་སྤེལ་བྱས་ཡོད་པ་དང་། རིམ་རྩིས་བྱས་ན་བོད་ཡིག་དཔེ་དེབ་སྣ7185དང་། དེབ་གྲངས་ཁྲི4009དཔེ་སྐྲུན་བྱས་ཡོད། གཞན་ཡང་བོད་ཀྱི་སྐད་ཡིག་དེ་འཕྲོད་བསྟེན་དང་། སྦྲག་སྲིད། འཕྲིན་གཏོང་། འགྲིམ་འགྲུལ། དངུལ་རྩ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་ཡོད། 
           དེ་དང་དུས་མཚུངས་སུ། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གིས་སོ་སོའི་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ལྟར་འཚོ་བ་སྐྱེལ་རྒྱུ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་དབང་ཆར་བརྩི་འཇོག་དང་འགན་སྲུང་བྱས་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱན་གོས་དང་། བཟའ་བཏུང་། སྡོད་ཁང་བཅས་སྲོལ་རྒྱུན་གྱི་རྣམ་པ་དང་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཏུ།  དེང་རབས་ཀྱི་རིག་གནས་གོམས་སྲོལ་གསར་པ་མི་ཉུང་བ་ཞིག་ཀྱང་བསྡུ་ལེན་བྱས་ཡོད། བོད་ལྗོངས་ཀྱི་ལོ་གསར་དང་། ལྷ་སའི་ཞོ་སྟོན། ནག་ཆུའི་རྟ་རྒྱུག་དུས་ཆེན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་སྲོལ་རྒྱུན་གྱི་དུས་ཆེན་མང་པོ་ཞིག་རྒྱུན་འཛིན་དང་གསར་གཏོད་ཐུབ་ཡོད།  
           གཞན་ཡང་། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བོད་ལྗོངས་ཀྱིས་གཞི་ཁྱོན་ཆེ་ལ་བརྒྱུད་རིམ་ལྡན་པའི་རིག་གནས་ཤུལ་བཞག་ཡོངས་བཤེར་དང་། འཚོལ་སྡུད། ལེགས་སྒྲིག  ཞིབ་འཇུག་བཅས་ཀྱི་ལས་དོན་རྩ་འཛུགས་ཐེངས་མང་པོ་བྱས་ཡོད་ལ། ད་ལྟ་བརྟག་དཔྱད་བྱས་ཏེ་ཐོ་འགོད་བྱས་ཟིན་པའི་རིག་དངོས་ས་ཚིགས4277དང་། རིམ་པ་ཁག་གི་རིག་དངོས་སྲུང་སྐྱོང་ཚན་པ1985ཡོད་པའི་ནང་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ70ཡོད། 1972ལོར་ལྷ་སའི་གཙུག་ལག་ཁང་ཉམས་གསོ་བྱས་རྗེས་སུ། རྒྱལ་ཁབ་ཀྱིས་བསྟུད་མར་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་སའི་གཙུག་ལག་ཁང་སོགས་རིག་དངོས་གནའ་ཤུལ་ལ་ཉམས་གསོ་དང་སྲུང་སྐྱོབ་བྱས་པ་དང་། 1989ལོ་ནས1995ལོའི་བར་དུ་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར2ལྷག་ཙམ་བཏང་ནས་ཕོ་བྲང་པོ་ཏ་ལར་ཉམས་གསོ་དང་ཐང་ཆེན་རྒྱ་སྐྱེད་བཏང་ཡོད། 2018ལོའི་ལོ་མཇུག་ཏུ།  དུས་བཀག་ལོ10དང་མ་དངུལ་སྒོར་དུང་ཕྱུར3བཏང་བའི་ཕོ་བྲང་པོ་ཏ་ལའི་རིག་དངོས(དཔེ་རྙིང་ཡིག་ཚགས།)སྲུང་སྐྱོང་བེད་སྤྱོད་བྱེད་པའི་རྣམ་གྲངས་ལག་བསྟར་བྱས། 
           དུས་ཡུན་རིང་པོའི་སྣ་མང་གཞི་གཅིག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། བོད་རིགས་ཚུད་པའི་རང་རྒྱལ་གྱི་མི་རིགས་ཁག་ལ་སྔ་ས་ནས་བདེ་སྡུག་མཉམ་མྱོང་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཅིག་ཆགས་ཡོད་པ་དང་། བོད་ལྗོངས་ཀྱི་རིག་གནས་དེ་མི་རིགས་གཞན་དག་གི་རིག་གནས་དང་མཉམ་དུ་ཀྲུང་ཧྭའི་རིག་གནས་ཀྱི་ཕུང་པོ་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱས་ཚེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་མི་རིགས་ཞི་མཐུན་ཡོང་རྒྱུར་ཕན་ཐོགས་ཡོད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།