ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > པར་རིས་གསར་འགྱུར།

མཛེས་སྡུག་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་བསྐྲུན། ཡར་ཀླུང་ལྷོ་ཁའི་སྐལ་བཟང་མེ་ཏོག་མཚར།

སྤེལ་དུས 2021-07-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

ལོ་ལེགས་ཀྱི་འཛུམ་མདངས་འཕྱུར་བའི་ཞིང་པ།

གྲ་ནང་རྫོང་དཀྱིལ་རུ་གྲོང་ཚོའི་སྣམ་བུ་བཟོ་གྲྭའི་ལས་དོན་མི་སྣས་བཏགས་ཟིན་པའི་རྒྱ་ཐིག་སྟོན་བཞིན་པ།

ལྷོ་བྲག་རྫོང་སྲས་ཤང་ཆུ་འཁྱིལ་གྲོང་ཚོའི་གྲོང་མིས་སྡོད་ཁང་གསར་པར་ཁ་བཏགས་གཡོག་བཞིན་པ།

ལྷོ་ཁ་གྲོང་ཁྱེར་གྱི་ཟུར་ཞིག

དགའ་སྤྲོའི་འཛུམ་མདངས་འཕྱུར་བའི་བྱིས་པ།

ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་འཁྲབ་སྟོན་བྱེད་བཞིན་པ།
          བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན། དམངས་གཙོའི་བཅོས་སྒྱུར་སྔོན་ལ་བྱེད་འགོ་ཚུགས་པའི་ལྷོ་ཁས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མི་རིགས་ཁག་གི་མང་ཚོགས་ཚོས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཚུགས་ཏེ། རང་རྟོགས་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་དུས་ཐུང་ལོ་བཅུ་གྲངས་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
          སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་ནི་བོད་ལྗོངས་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེ་རེད། ན་ནིང་སྡེ་ཁུལ་དེའི་མང་ཚོགས་མང་ཆེ་བས་རང་མོས་ངང་ས་ཞིང་བརྒྱུད་བཤུག་བཏང་བས་ས་ཞིང་བརྒྱུད་བཤུག་གི་དངུལ་དང་། ཞིང་ལས་བྱས་པའི་དངུལ། ས་ཆ་ཚབ་གཉེར་དོ་དམ་གྱི་བགོ་འགྲེམས་ཡོང་འབབ་བཅས་རག་པའི་ཁར་ཕྱིར་གླ་པར་བསྐྱོད་པའི་ཡོང་འབབ་ཡོད། མིག་སྔར་སྡེ་ཁུལ་དེར་ངལ་རྩོལ་ནུས་ཤུགས་445ཡོད་པའི་ཁྲོད་ནས་ཕྱིར་གླ་པར་སྐྱོད་མཁན་གྱིས་བཅུ་ཆ་བདུན་བཟུང་ཡོད།
          ན་ནིང་སྡེ་ཁུལ་དེའི་མང་ཚོགས་བློ་བཟང་དབང་ཕྱུག་ཁྱིམ་གྱིས་ས་ཞིང་མུའུ་6བརྒྱུད་བཤུག་བཏང་བར་ཡོང་འབབ་སྒོར་ཁྲི་1.8བྱུང་བ་དང་ཕྱིར་གླ་པར་སྐྱོད་པའི་ཡོང་འབབ་སྒོར་ཁྲི་10བྱུང་ཡོད། “སྤྱི་ཚོགས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་ཚང་མ་འཕེལ་རྒྱས་འགྲོ་བཞིན་ཡོད། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོའི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཆགས་པ་དང་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། ཏང་གི་སྣེ་ཁྲིད་འོག་ང་ཚོའི་འབྱུང་འགྱུར་གྱི་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བློ་བཟང་དབང་ཕྱུག་གིས་དགའ་སྤྲོའི་ངང་བཤད།
          སྣེ་གདོང་ཆུས་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་གསུམ་བརྒྱ་ཆོད་པའི་ཡུལ་སྨད་ཤང་འདི་ཉིད་ད་ཆ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་དུ་གྱུར་ཡོད། “ད་ཆ་ཤང་གི་དུད་ཚང་ཚང་མ‘འབྱོར་འབྲིང་སྡོད་ཁང’ནང་སྤོས་པ་དང་། གཞུང་ལམ་ཤར་གཏོང་ཐུབ་ནས་ཉི་ནུས་ལམ་སྒྲོན་ཡང་བསྒར་ཡོད། ང་ཚོ་ཚང་མ་གྲོང་ཁྱེར་ནང་གི་མི་དང་འཚོ་བ་གཅིག་པ་སྐྱེལ་བཞིན་ཡོད། དེས་མ་ཚད་མཐའ་སྲུང་གི་སྟོབས་ཤུགས་ཀྱང་ཆེ་རུ་ཕྱིན་ཞིང་། ཤང་ཡོངས་ལ་སྔོན་ཆད་དུད་ཚང་1དང་མི་3ལས་མེད་པ་ནས་ད་ཆ་དུད་ཚང་67དང་མི་གྲངས་234བར་མང་དུ་ཕྱིན་ཡོད”ཅེས་ཡུལ་སྨད་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་དཀར་གྱིས་བཤད།
          ཚད་གཞི་མཐོ་པོའི་སྒོ་ནས་ཡུལ་སྨད་འདི་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་ཤང་བཏོད་པ་དང་ཆབས་ཅིག ན་ནིང་ལོ་མཇུག་བར། ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་96འཛུགས་སྐྲུན་གྱི་འཆར་འགོད་བྱས་པའི་ནང་ནས་འབྱོར་འབྲིང་གྲོང་ཚོ་81བསྐྲུན་ཟིན་ཡོད། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་32%རྒྱུན་འཁྱོངས་ཐུབ་སྟེ། མཐའ་མཚམས་ཀྱི་སྲིད་འཛིན་གྲོང་ཚོར་བདེ་འཇགས་འཐུང་ཆུ་ཁྱབ་ཚད་དང་། གློག་ཤར་གཏོང་ཐུབ་ཚད། འགྲོ་ལམ་ཤར་གཏོང་ཐུབ་ཚད། འཕྲིན་གཏོང་དྲ་རྒྱ་ཁྱབ་ཚད། དྲ་ཆེན་འཁྲིད་ཚད་བཅས་ཚང་མ་100%ཟིན་ནས་མཐའ་མཚམས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་སོང་བ་དང་། འཚོ་བ་སྔར་བས་ཇེ་ལེགས་སུ་སོང་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཇེ་ཟབ་ཏུ་སོང་ནས“ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་ཡོད།
          “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ལྷོ་ཁ་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་ལ་བདེ་བླག་ངང་བཏོད་ཡོད།
          ད་ཆ་ཡར་ཀླུང་གཙང་པོ(ལྷོ་ཁའི་དུམ་བུའི)ངོགས་གཉིས་སུ་ནགས་བཟོ་མུའུ་ཁྲི་45ལྷག་ཙམ་བྱས་ཏེ། རིང་ཚད་ལ་སྤྱི་ལེ་160ལྷག་ཙམ་དང་ཆ་སྙོམས་ཞེང་ཚད་སྤྱི་ལེ་1.8ཡོད་པའི“ལྗང་མདོག་གི་ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད།
          དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཞི་མཐུན་གྱི་གཞི་རྩ་ཡིན་པ་དང་། དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། འཕྲོད་བསྟེན་གྱི་སྤུས་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་དྭ་ཕྲུག་ལ་རོགས་རམ་བྱེད་པ། བདེ་སྐྱིད་ལྡན་པའི་ངང་རྒན་གསོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ། བདེ་སྡོད་འགན་ལེན། ས་ཤོར་འགན་སྲུང་། རིག་གནས་དམངས་ཕན། དུས་བདེའི་ལྷོ་ཁ་བསྐྲུན་པ་བཅས་ནང་དོན་གཙོ་བོར་བྱས་པའི“དམངས་སེམས་འདུ་འགོད་ཆེ་གྲས་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
          ན་ནིང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་མི་རྣམས་ལ“མཐོ་བ་དང་། རྒྱ་ཆེ་བ། སྒྲིག་ཆས་ཆ་ཚང་བ”བཅས་ཀྱི་ཚོར་སྣང་ཞིག་སྦྱིན་པ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལ་སྟབས་བདེ་དང་དངོས་ཕན་ཐོབ་པར་བྱས་ཡོད། “མི་དམངས་སྨན་ཁང་རྙིང་པར་ན་ཚ་ལྟ་བར་སྐྱོད་རིམ་བཞིན་མི་ཧ་ཅང་མང་བའི་སྣང་བ་ཞིག་ཡོང་གི་ཡོད་མོད། འོན་ཀྱང་མི་དམངས་སྨན་ཁང་གསར་པར་བང་སྒྲིག་པའི་དུས་ཚོད་ཐུང་དུ་སོང་ལ་ཞབས་ཞུའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་འདུག ལྷོ་ཁའི་འཕེལ་རྒྱས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་རེད། ད་ཆའི་ལྷོ་ཁ་ནི་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཡག་ཤོས་ཀྱི་ལྷོ་ཁ་ཞིག་རེད”ཅེས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་མང་ཚོགས་ཚེ་རིང་ཆོས་འཕེལ་གྱིས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།