ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་གཡན་གྲོང་ཁྱེར་ཀྲང་དབན་ཆུས་ཡན་ཧུའུ་སྡེ་ཁུལ་གྱི་ཚོང་འདུས་ཁྲོམ་རའི་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2021-06-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་13ཉིན་གྱི་ཆུ་ཚོད་6དང་སྐར་མ་40ཙམ་ལ། ཧུའུ་པེ་ཧྲི་གཡན་གྲོང་ཁྱེར་ཀྲང་དབན་ཆུས་ཡན་ཧུའུ་སྡེ་ཁུལ་གྱི་ཚོང་འདུས་ཁྲོམ་རར་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་པ་རེད། མིག་སྔའི་བར། དོན་རྐྱེན་ཁྲོད་མི་12རྐྱེན་ལམ་དུ་ཤོར་བ་དང་། མི་37ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། དེ་མིན་མང་ཚོགས་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་རེད།
         དོན་རྐྱེན་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་མར། ཧུའུ་པེ་ཧྲི་གཡན་གྲོང་ཁྱེར་གྱི་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ལས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བས་བསླབ་བྱ་ཟབ་མོ་ལེན་དགོས། རྨས་མ་རྣམས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་དང་། ཤི་རྨས་བྱུང་བའི་མི་སྣའི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དོན་རྐྱེན་གྱི་འབྱུང་རྩ་གང་མགྱོགས་འཚོལ་བ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས། ཉེ་དུས་རྒྱལ་ཡོངས་ཀྱི་ས་གནས་མང་པོར་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་སློབ་གྲྭའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་ཡོད་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་ཤེས་ཀུན་གྲོལ་དང་འགན་འཁྲི་ནན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་དོགས་ཟོན་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་པ་དང་། མི་སྣ་ཤི་རྨས་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་བ། དོན་རྐྱེན་གྱི་འབྱུང་རྩ་ནན་ཏན་ངང་འཚོལ་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། ཉེ་དུས་བདེ་འཇགས་དོན་རྐྱེན་མང་པོ་སྔར་བཞིན་ཐོན་འགྲོ་གི་འདུག་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ས་གནས་ཁག་ལ་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་དོན་རྐྱེན་དམིགས་བསལ་དང་ཚབས་ཆེན་གཏན་འགོག་མཐའ་གཅིག་ཏུ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུའུ་དང་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་ལས་དོན་ཚོགས་ཆུང་མངགས་ཏེ་ས་ཆ་དངོས་སུ་དོན་རྐྱེན་ཐག་གཅོད་ལས་དོན་མཛུབ་ཁྲིད་བྱེད་པར་བཏང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ནད་ལྕིའི་གསོ་རིག་དང་། མེས་འཚིག་པ། སེམས་གསོ་བཅས་ཀྱི་རིགས་གཅིག་མཁས་ཅན་སྐོང་འཐེན་བྱས་ཏེ་རྒྱལ་ཁབ་རིམ་པའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས་ས་ཆ་དངོས་སུ་དོན་རྐྱེན་གྱི་འཕྲལ་སྒྲུབ་གསོ་རིག་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པར་བཏང་ཡོད། ཧུའུ་པེ་ཞིང་ཆེན་དང་ཧྲི་གཡན་གྲོང་ཁྱེར་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་ས་ཆ་དངོས་སུ་བཀོད་འདོམས་དང་ཐག་གཅོད་བྱེད་བཞིན་ཡོད་ཅིང་། མིག་སྔར་ས་ཆ་དངོས་ཀྱི་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།