ཀྲུང་གོའི་བོད་ལྗོངས་དྲ་བ། > ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཆེད་སྒྲིག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པ་དང་བརྙན་ལམ་ནས་བྱམས་བརྩེའི་བཀའ་མོལ་གནང་བ།

སྤེལ་དུས 2021-06-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཟླ་6ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ། 
       ཚེས་23ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་བཅུ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་དང་བརྙན་ལམ་ནས་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བྱེད་སྒོར་ཞུགས་ཡོད་པ་རེད།
       ལྷ་གྲུ་ཨང་བཅུ་གཉིས་པའི་འཕུར་གྲུ་དེ་ཟླ་6ཚེས་17ཉིན་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་ནས་བཟུང་། ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོའི་གཟུགས་གཞི་དང་ལས་འགན་ལེགས་སྒྲུབ་བྱེད་ཚུལ་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། ཚེས་23ཉིན་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཆེད་མངགས་ཕེབས་ནས་འཇིག་རྟེན་འཕུར་སྐྱོད་པ་དང་བཀའ་མོལ་གནང་བ་རེད།
       སྔ་དྲོའི་ཆུ་ཚོད་9དང་སྐར་མ་35ལ་ཞི་ཅིན་ཕིང་སོགས་བཀོད་འདོམས་ཚོམས་ཆེན་དུ་ཕེབས་ཏེ། ཡུལ་དངོས་ཀྱི་བརྙན་ཤེལ་ཆེན་པོ་བརྒྱུད་ཐེན་ཧོ་ལྟེ་བའི་གྲུ་ཚང་དང་ལྷ་གྲུ་ཨང་བཅུ་གཉིས་པའི་འཕུར་གྲུ་མཉམ་སྒྲིག་གྲུ་ཚང་གི་འཁོར་སྐྱོད་བྱ་ཚུལ་དང་མཁའ་སྐྱོད་པའི་ལས་དོན་སྒྲུབ་ཚུལ་ལ་གཟིགས་པ་རེད། བརྙན་ཤེལ་ནས་ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་གི་སྐབས་འཕྲལ་གྱི་གནས་ཚུལ་གསལ་པོར་མཐོང་བ་སྟེ། ཉེ་ཧའེ་ཧྲེང་དང་། ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་ཀྱིས་ཁག་སོ་སོར་འཕྲུལ་ལག་འཁོར་ལམ་དུ་བསྐྱོད་ཚུལ་གྱི་སྦྱོང་བརྡར་རྣམ་གྲངས་བཀོལ་སྤྱོད་དང་། གྲུ་ཚང་ཕྱི་རོལ་གྱི་མཁའ་སྐྱོད་གྱོན་ཆས་སྒྲིག་སྦྱོར་དང་ཞིབ་བཤེར་སོགས་གྲུ་ཚང་ཕྱིར་མ་ཐོན་གོང་གི་གྲ་སྒྲིག་ལས་ཀ་དག་བྱེད་བཞིན་ཡོད་པ་རེད།
       ཆུ་ཚོད་9དང་སྐར་མ་40ལ་ཞི་ཅིན་ཕིང་གིས་ཡར་བཞེངས་ནས་མདུན་ཕྱོགས་ཀྱི་བཀོད་འདོམས་སྟེགས་བུའི་ཐོག་ཕེབས་ཤིང་། ཉེ་ཧའེ་ཧྲེང་དང་། ལིའུ་པོའོ་མིང་། ཐང་ཧུང་པོའོ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་སྙིང་སྟོབས་རབ་འཕེལ་གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་རེད།
       ཞི་ཅིན་ཕིང་། བློ་མཐུན་ཧའེ་ཧྲེང་དང་། པོའོ་མིང་། ཧུང་པོའོ་ཁྱེད་ཚོ་སྐུ་ལས་ཁག་སོང་། ངས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
       ཉེ་ཧའེ་ཧྲེང་། སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
       ཞི་ཅིན་ཕིང་། ཁྱེད་ཚོ་ནི་ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་སྡོད་མཁན་འཇིག་རྟེན་འཕུར་སྐྱོད་པ་ཁག་དང་པོ་ཡིན་པ་དང་། བར་སྣང་ཁམས་སུ་དུས་ཡུན་ཟླ་བ་གསུམ་སྡོད་རྒྱུ་རེད། ཁྱེད་ཚོའི་བར་སྣང་ཁམས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱལ་ཡོངས་མི་དམངས་ཀྱིས་རྟག་ཏུ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ད་ལྟ་ཁྱེད་ཚོའི་གཟུགས་པོའི་གནས་ཚུལ་ཇི་འདྲ་འདུག་གམ། འཚོ་བ་གང་འདྲ་འདུག་གམ། ལས་དོན་བདེ་བླག་བྱུང་ངམ། 
       ཉེ་ཧའེ་ཧྲེང་། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད། ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། ང་ནི་ལས་འགན་སྒྲུབ་ཐེངས་གསུམ་པ་ཡིན། ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་གི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་ཡི་འདུག ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཡིན་པའི་ང་ཚོར་བར་སྣང་ཁམས་སུ་ཡུན་རིང་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་པའི་ཁྱིམ་ཞིག་བྱུང་སོང་། ཐག་རིང་བར་སྣང་ཁམས་སུ་གནས་པའི་ང་ཚོར་རླབས་ཆེན་གྱི་ཏང་དང་མེས་རྒྱལ་ལ་སྤོབས་པ་ཆེན་པོ་སྐྱེ་གི་འདུག
       ལིའུ་པོའོ་མིང་། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་རྒྱུར་ང་ནི་ལས་འགན་སྒྲུབ་ཐེངས་གཉིས་པ་ཡིན། ད་ཐེངས་ཀྱི་ལས་འགན་ནང་ཞུགས་རྒྱུ་བྱུང་བ་ལས། ང་ལ་ལས་འགན་ལྕི་བ་དང་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ཕྱིས་སུ་ང་ཚོས་གྲུ་ཚང་ནས་ཐེངས་གཉིས་ཐོན་ཏེ་འཕྲུལ་ལག་བཀོལ་སྤྱོད་སོགས་ཀྱི་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱ་རྒྱུ་ཡིན། ང་ཚོས་ངེས་པར་དུ་བཀོལ་སྤྱོད་ཞིབ་ཚགས་བྱས་ནས་ཚོད་ལྟ་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན།
       ཐང་ཧུང་པོའོ། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་རྒྱུར། ང་ནི་བར་སྣང་ཁམས་སུ་སྐྱོད་ཐེངས་དང་པོ་ཡིན། ད་ལྟ་ལྗིད་ཤོར་ཁོར་ཡུག་ལ་གོམས་འདུག ཟ་སྡོད་དང་ལས་ཀའི་གནས་ཚུལ་ཚང་མ་ཡག་པོ་འདུག ད་དུང་ནང་མི་དང་བརྙན་ལམ་ནས་སྐད་ཆ་ཤོད་རེས་བྱས་པ་ཡིན། ང་ཚོའི་བར་སྣང་ཁམས་ཀྱི་ཁྱིམ་ཚང་དེ་སྐྱིད་སྣང་དོད་ལ་བག་ཕེབས་པ་ཞིག་ཡོད། ང་ཚོས་རྗེས་མཐུད་ཀྱི་ལས་འགན་ཡག་པོ་སྒྲུབ་ཐུབ་པའི་གདེང་ཚོད་ཆེན་པོ་ཡོད་ཅེས་བཤད།
       ཞི་ཅིན་ཕིང་། ཁྱེད་ཚོའི་གནས་ཚུལ་ཡག་པོ་ཡོད་པ་དང་ལས་དོན་བདེ་བླག་བྱུང་བ་མཐོང་དུས། ང་ཚོ་ཚང་མ་ཧ་ཅང་དགའ་པོ་བྱུང་། བར་སྣང་ས་ཚིགས་སྐྲུན་པ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། དེས་མིའི་རིགས་ཀྱིས་བར་སྣང་ཁམས་ཞི་མཐུན་ངང་སྤྱོད་རྒྱུར་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་འབུལ་རྒྱུ་རེད། ཁྱེད་ཚོ་ནི་དུས་རབས་གསར་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་འབད་འཐབ་པ་དང་རྩེར་སྙེག་པ་གྲངས་ལས་འདས་པའི་འཐུས་ཚབ་རེད། ཁྱེད་ཚོས་གཞོགས་འདེགས་དམ་ཟབ་བྱས་ནས། རྗེས་མཐུད་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཚོ་བར་སྣང་ཁམས་སུ་ལས་ཀ་དང་འཚོ་བ་བདེ་བླག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོས་པེ་ཅིང་དུ་ཁྱེད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་བྱ་རྒྱུར་སྒུག་ནས་བསྡད་ཡོད།
       ཉེ་ཧའེ་ཧྲེང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བློ་ལ་བརྟན་པོར་བཅངས་ནས། རང་འཁྲིའི་ལས་འགན་ལ་ངོ་གནོང་མི་དགོས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་། རྒྱལ་ཡོངས་མི་དམངས་ཐུགས་བློ་བདེ་པོ་གནང་།
       དེ་རྗེས། འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་གུས་འདུད་ཞུས། ཞི་ཅིན་ཕིང་གིས་ཀྱང་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་སྦྲགས་ས་ཡུལ་དངོས་སུ་ཚོད་ལྟར་ཞུགས་མཁན་རྣམས་ལ་འཚམས་འདྲི་ཡང་གནང་བ་རེད། དུས་དེར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
       ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེང་། ཀྲང་ཡིའུ་ཞ། ཝེ་ཧྥུང་ཧོ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཙོ་ཁྲེང་དང་། མེའོ་ཧྭ། ཀྲང་ཧྲེན་མིན་སོགས་བཀའ་མོལ་གནང་རེས་ཀྱི་བྱེད་སྒོར་ཞུགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།