ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མི་རྟ་མགྲིན་འཚོའི་འགན་སྒྲུབ་ཉིན་ཐོ།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       རང་གི་ལས་གནས་ཐོག་རང་འགན་གཙང་སྒྲུབ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས། དམངས་ཀྱི་ཚབ་བྱས་ནས་སྐད་ཆ་ཤོད་པ། དམངས་ལ་ཞབས་འདེགས་ཞུ་བ་བཅས་ནི་གཞི་རིམ་གྱི་འཐུས་མི་ཞིག་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན། རྟ་མགྲིན་འཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བསང་ཁོག་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་རྐང་རྗེན་སྨན་པ་ཞིག་ཡིན་ཞིང་། མི་ལོ་ཉི་ཤུ་ལྷག་རིང་བསང་ཁོག་རྩྭ་ཐང་གི་རོང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ཆེད་དཀའ་སྤྱད་འབད་འཐབ་བྱས་ཡོད། དེ་ནས་ཕྱིས་སུ་ཁོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་ཞིང་། ཁོང་ནས་གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་འགན་འཁྲི་ཁྲག་ཏུ་བླངས་ཏེ་ཆེས་གཞི་རིམ་མང་ཚོགས་ཀྱི་རེ་འདུན་སེམས་ལ་བཅངས་ཞིང་ངག་ནས་བརྗོད་དེ་འཐུས་མིའི་འགན་འཁྲི་རླབས་པོ་ཆེ་ལེགས་པར་བསྒྲུབས་ཡོད།
       ད་ལོ་ནི་རྟ་མགྲིན་འཚོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་པའི་ལོ་ལྔ་པ་དེ་ཡིན་ལ། ང་ཚོས་ཁོང་ལ་ལོ་འདི་དག་རིང་ཁོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་པའི་མྱོང་ཚོར་སྐོར་འདྲི་སྐབས། ཁོང་གིས་རང་ཉིད་ཀྱི་གཟི་བརྗིད་དུ་འཛིན་པ་ནི་ཆེས་གཞི་རིམ་ན་ཡོད་པའི་མི་དམངས་མང་ཚོགས་ཀྱི་རེ་འདུན་དེ་གོང་རིམ་ལ་ཞུས་ནས་དཀའ་ཁག་ཁག་རིམ་བཞིན་ཐག་གཅོད་ཐུབ་ཐབས་བྱས་པ་དེ་ཡིན་ཞེས་བཤད། 

       ཆེས་གཞི་རིམ་ནས་ཡོང་ཞིང་ཆེས་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་རྟ་མགྲིན་འཚོས་བསང་ཁོག་མི་དམངས་ཀྱི་རེ་འདུན་དང་དུ་བླངས་ནས་ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་ཐོག་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་འབྲེལ་ཡོད་ཀྱི་གྲོས་འགོ་བཅུ་ཕྲག་ལྷག་བསྣམས་ནས་མང་ཚོགས་ཀྱི་རེ་འདུན་མང་པོ་ཞིག་བསྐངས་ཡོད་པ་རེད། དཔེར་ན་སྤྱི་ལོ2019ལོར་ཁོང་གིས་བསང་ཁོག་གི་བྱིས་པའི་ལྷན་སྐྱེས་སྙིང་ནད་སྨན་བཅོས་བྱ་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་བཏོན་པར་གོང་རིམ་ནས་མྱུར་དུ་ལན་ཆ་བྱས་ནས་རྒྱབ་སྐྱོར་དང་རོགས་རམ་བྱས་པ་རེད། 

       ཆེས་གཞི་རིམ་ནས་ཡོང་བའི་རྐང་རྗེན་སྨན་པ་རྟ་མགྲིན་འཚོས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་ཁོང་གིས་སྔ་བར་ཕྱི་གསུམ་དུ་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད། མི་ལོ་ཉི་ཤུའི་རིང་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པའི་བསང་ཁོག་རྩྭ་ཐང་གི་གྲང་ངར་འཁྱགས་གསུམ་ལ་མ་འཛེམས་པར་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས་ཡོད་པ་དང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དྲོན་མོའི་འོག་ད་ལྟ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་སུ་སོང་བ་དང་། དེ་སྔ་གྲོང་ཚོའི་ནང་གི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པ་དང་མང་ཚོགས་དང་ལྷག་པར་དུ་བུད་མེད་ཀྱིས་གཞི་རྩའི་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་དམན་པ། ད་ཆ་གྲོང་ཚོར་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་བཙུགས་པ་དང་ཤང་གྲོང་འཕྲོད་བསྟེན་ཁང་དུ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་པ། གྲོང་མིར་སྨན་བཅོས་འགན་བཅོལ་ལོངས་སུ་སྤྱོད་རྒྱུ་བྱུང་བ། ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་བཤད་པ་རེད།  
རྩོམ་སྒྲིག་པ།  སངས་སྐྱབས།