ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

འཐུས་མིའི་བགྲོད་ལམ་ཐོག་ཤ་བོ་སྒྲོལ་མས་གསར་འགོད་པར་འདི་ལྟར་ལན་བཏབ།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          སྤྱི་ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་“འཐུས་མིའི་བགྲོད་ལམ”གྱི་བཅར་འདྲི་ཐོག་མ་དེ་བྱས་ཡོད། 
          ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས། ངས་མཚོ་སྔོན་ནས་ཕེབས་པའི་འཐུས་མི་ཤ་བོ་སྒྲོལ་མར་བཀའ་འདྲི་ཞིག་ཞུ་གི་ཡིན། འཐུས་མི་སྒྲོལ་མ་ལགས། སྐུ་ཁམས་བཟང་། ང་ཚོས་ཤེས་གསལ་ལྟར། མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱི་ཡོད་པ་དང་།  ཁྱེད་རང་གི་ཕྱག་ལས་ཀྱང་ཆུ་དང་འབྲེལ་བ་ཡོད་པ་ཞིག་རེད། ཞུས་ཙང་ཁྱེད་རང་གི་ཕྱག་ལས་དང་ཟུང་འབྲེལ་གནང་ནས་འདས་ཟིན་པའི་ལོ་འགའི་ནང་ཕ་ཡུལ་མི་དམངས་ཀྱིས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱས་པའི་ཐད་ཀྱི་གནས་ཚུལ་ཅུང་ཟད་གླེང་ན་འགྲིག་གམ་ཞེས་དྲིས་པར།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཐུན་རིན་གྲོང་ཁྱེར་ཆུ་ཀ་ལ་ཀུང་སིའི་ལས་བཟོ་བ་ཤ་བོ་སྒྲོལ་མས། ངའི་མིང་ལ་ཤ་བོ་སྒྲོལ་མ་ཟེར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་ལ། ཆུ་ཀ་ལ་ཀུང་སིའི་ལས་བཟོ་པ་དཀྱུས་མ་ཞིག་ཀྱང་ཡིན། ང་ཚོའི་ཆུ་ཀ་ལ་ཀུང་སིའི་འགན་འཁྲི་ནི་མང་ཚོགས་ལ་བློ་བདེ་བའི་ཆུ་འཐུང་རྒྱུ་ཡོད་པ་བྱ་རྒྱུ་དེ་ཡིན། སྔོན་ཆད་རང་བྱུང་གི་ཆ་རྐྱེན་ཞན་པའི་དབང་གིས་ང་ཚོའི་ས་ཆ་ཁ་ཤས་སུ་ད་དུང་འཐུང་ཆུ་དཀོན་པའི་གནད་དོན་ཐོན་གྱི་ཡོད་མོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག ད་ཆ་ཁྱིམ་ཚང་ཚང་མས་བློ་བདེ་བའི་འཐུང་ཆུ་སྤྱོད་རྒྱུ་བྱུང་ཡོད། 
          ཚང་མས་ཤེས་གསལ་ལྟར། ང་ཚོ་མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས། “གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་མཛོད”ཀྱང་ཟེར་གྱི་ཡོད། ངའི་ཕ་ཡུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་ཁོངས་སུ་གཏོགས་ཡོད། ཆུ་འགོའི་ཁུལ་གྱི་མི་དང་ཆུ་མཛོད་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོ་རང་ཉིད་ནས་ཆུ་བཟང་པོ་སྤྱོད་ཐུབ་པ་ཙམ་མ་ཟད། ད་དུང་དབུས་སྨད་རྒྱུད་ཀྱི་མིས་ཀྱང་ཆུ་བཟང་པོ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། དེར་བརྟེན། ལོ་འདི་དག་ནང་ང་ཚོས་རྩྭ་བཀག་རྩྭ་གསོ་དང་། འདམ་ར་སྲུང་སྐྱོབ། ཤིང་འཛུགས་ནགས་གསོ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། དེ་སྔའི་རི་རྒོད་ལ་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་སྐམ་ཟིན་པའི་ཆུ་ལམ་ནང་དྭངས་གཙང་ཆུ་བོ་བཞུར་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག ང་ཚོས་ད་དུང་མི་མེད་གནམ་གྲུ་དང་ཆུ་སྤུས་ཚོར་འདྲེན་ཡོ་ཆས་སོགས་ཚན་རྩལ་བྱ་ཐབས་སྤྱད་དེ་གྲངས་གཞིས་ཆུ་སྐོར་བྱས་ནས་རྨ་ཀླུང་རིང་མོ་ལྷུང་ལྷུང་ཤར་ལ་བཞུར་བར་འགན་ལེན་ཧུར་ཐག་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱུང་བའི་དབང་གིས་ན་ནིང་ང་ཚོ་རྨ་ལྷོ་ཁུལ་ལ་ད་དུང“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་ཡོད། 
          ང་ཚོའི་ས་ཆར་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་དོན་ཆེན་ཞིག་ཡིན་པ་མ་ཟད། མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུའང་གྱུར་ཡོད། ང་ཚོའི་རྨ་ལྷོའི་རྩེ་ཁོག་ཏུ་རྡོ་རྗེ་ཟེར་བའི་བགྲེས་སོང་ཞིག་ཡོད། ཁོང་གིས་ལོ་མང་གོང་རང་ཁྱིམ་རྩེ་ཆུའི་འགྲམ་གྱི་ཁང་ཆུང་ཐབས་ཆག་ཅིག་ཏུ་སྤོས་ནས་ཉེ་འཁོར་གྱི་མུའུ་ཁྲི་ལ་ཉེ་བའི་རྩྭ་ཐང་འདམ་རར་འོས་འགན་ངང་སྲུང་སྐྱོང་གནང་ཡོད། ལོ་ངོ་22རིང་། དགུན་གྲང་ངར་དང་དབྱར་ཚ་གདུག་གང་འདྲ་ཡོད་ཀྱང་། བགྲེས་སོང་ཁོང་གིས་ཉིན་ལྟར་འདམ་རའི་ནང་སྐོར་ཞིབ་ཐེངས་གསུམ་གནང་བར་ཁྱོན་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་གྱི་ཡོད། དེ་ནི་སའི་གོ་ལར་བསྐོར་བ་ཐེངས་གསུམ་བརྒྱབ་པ་དང་གཅིག་མཚུངས་རེད། ཟླ་གོང་མར་ང་བརྟག་ཞིབ་ལ་འགྲོ་སྐབས་ཆེད་མངགས་བགྲེས་སོང་ཁོང་ཐུག་པར་སོང་བ་ཡིན། བགྲེས་སོང་ཁོང་གིས་ད་དུང་མུ་མཐུད་སྐོར་སྲུང་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། ཕ་ཡུལ་གྱི་རྒན་རབས་ཚོས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་གནང་བ་ལས་གཙང་གསུམ་ཆུ་འགོའི་ནམ་མཁའ་སྔར་བས་སྔོ་ཞིང་། རི་བོ་སྔར་བས་ལྗང་བ། ཆུ་མོ་སྔར་བས་དྭངས་སུ་ཕྱིན་ཡོད། 
          ང་ཚོས་ཆུ་ལ་སྲུང་སྐྱོང་བྱས་པ་བཞིན་ཆུ་ཡིས་ང་ཚོ་འཚོ་སྐྱོང་བྱས་ཡོད། ང་ཚོ་སྲུང་སྐྱོང་པ་ཡིན་ལ་ཁེ་ཕན་ཐོབ་མཁན་ཡང་ཡིན། ལས་ཀའི་དབང་གིས་ང་རྟག་པར་གྲོང་གསེབ་དང་འབྲོག་ཁུལ། བཟོ་གྲྭ་དང་ཁེ་ལས་བཅས་སུ་འགྲོ་གི་ཡོད་པས། སྐྱེ་ཁམས་སྲུང་སྐྱོང་བྱས་པ་ལས་བྱུང་བའི་ཕན་པ་མིག་མཐོང་ལག་ཟིན་ཡོང་གི་འདུག ལྷག་པར་དུ་ཆུའི་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས། མི་ཕྱུགས་གཉིས་ཀྱི་སྤྱོད་ཆུའི་སྤུས་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བ་དང་། ཁུལ་དུ་གཏེར་ཆུ་བཟོ་གྲྭ་བཙུགས་པ། ཞིང་ཕྱུགས་ཐོན་རྫས་ལྷད་མེད་པ། རྨ་ཆུའི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་དར་རྒྱས་གཏོང་བར་བློས་འགེལ་ཆོག་པའི་གཞི་རྟེན་ཐོབ་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་སོང་བ་བཅས་དེ་དག་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ”གསོན་ཉམས་དོད་པོས་ར་སྤྲོད་ཐུབ་ཡོད། 
          ཆུ་ཐིགས་གཅིག་ལས་ཉི་མའི་འོད་མདངས་འཕྲོ་ཐུབ། ང་ཚོས་ཏང་དང་སྲིད་གཞུང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དེ་བྱ་སྤྱོད་དངོས་ལ་འགྱུར་ནས་ཆུ་འགོ་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྐྱེ་ཁམས་སྔར་ལས་ལེགས་པའི་ངང་སྲུང་སྐྱོང་བྱས་ཏེ། “གཙང་གསུམ་ཆུ་འགོ”ཡི་ཆུ་བོ་དྭངས་གཙང་ཡོང་བ་དང་“ཀྲུང་ཧྭའི་ཆུ་མཛོད”བརྟན་ཞིང་ཆུ་འདང་ངེས་ཡོད་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།