ཀྲུང་གོའི་བོད་ལྗོངས་དྲ་བ། > 2022ལོའི་ཆེ་སྒྲིག > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > འཐུས་མི་དང་ཨུ་ཡོན།

▶འཐུས་མི་ཁུང་ཆིང་ཅུས་ཀྱི་འགན་སྒྲུབ་ཉིན་ཐོ།

སྤེལ་དུས 2022-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

         སྤྱི་ལོ་2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་མིའི་བགྲོད་ལམ་སྟེང་། མཚོ་སྔོན་གྱི་གཞི་རིམ་ནས་ཕེབས་པའི་བུད་མེད་འཐུས་མི་ཞིག་གིས། རང་ཉིད་ཀྱིས་དཀའ་བ་སྣ་ཚོགས་ཁུར་དུ་བླངས་ནས་དབུལ་ཕོངས་ཁྱིམ་ཚང་ཞིག་གི་སློབ་མ་སྤུན་གསུམ་ལ་རོགས་སྐྱོར་མཛད་པའི་གཏམ་རྒྱུད་གསོན་ཉམས་དོད་པོ་ཞིག་མཉམ་སྤྱོད་གནང་ཡོད། ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ནས་ཡིན་པའི་མཚན་ལ་ཁུང་ཆིང་ཅུས་ཞུ་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁོང་རེད།
         གཞན་ཕན་ལྷག་བསམ་དཀར་བའི་བུད་མེད་འཐུས་མི་འདིས་མི་ལོ་བཅུ་ཕྲག་ལྷག་གི་རིང་། གཞི་རིམ་སློབ་གསོའི་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་སྐྱེས་སུ་ཕུལ་བར་མ་ཟད། གཞི་རིམ་སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བར་རྩ་ཆེའི་ཉམས་མྱོང་དང་དགོངས་འཆར་མང་པོ་མཁོ་འདོན་གནང་ཡོད་བ་དང་། ལྷག་པར་དུ་སློབ་གསོའི་ལས་དོན་གཉེར་བའི་བརྒྱུད་རིམ་ཁྲོད་སློབ་མ་མང་པོ་ཞིག་གི་སློབ་གཉེར་གྱི་ཕུགས་འདུན་འགྲུབ་པར་མཐུན་རྐྱེན་གང་མང་བསྐྲུན་ཡོད།
         ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་ནི། རང་རྒྱལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ལག་བསྟར་བྱེད་བཞིན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོ་དང་འབྲལ་ཐབས་མེད། ཁུང་ཆིང་ཅུས་ཀྱིས་སློབ་གསོའི་ལས་དོན་གཉེར་བཞིན་པའི་ལོ་དེ་དག་ལ། ས་གནས་དེ་གའི་གཞི་རིམ་སློབ་གསོའི་ལས་དོན་གྱིས་གསར་གཏོད་དང་བསྒྱུར་བཅོས་མང་པོ་ཞིག་གི་མདུན་བསུས་ཤིང་། ཏང་དང་སྲིད་གཞུང་གིས་བཏོན་པའི་ཕན་ལྡན་སྲིད་ཇུས་རེ་རེ་གཞི་རིམ་སློབ་གསོའི་བྱ་གཞག་ཁྲོད་དུ་རྩ་བ་ཚུགས་ཤིང་འབྲས་བཟང་སྨིན་ཡོད།
         ཁུང་ཆིང་ཅུས་ཀྱིས་འཐུས་མིའི་བགྲོད་ལམ་སྟེང་། སློབ་མའི་བློ་སེམས་བདེ་རུ་འཇུག་དགོས་ན། ཐོག་མར་ཁྱིམ་བདག་གི་བློ་སེམས་བདེ་རུ་འཇུག་དགོས་ཞེས་པ་དང་། སློབ་གསོ་ནི་དབུལ་སྒྲོལ་འགག་གཏོར་གྱི་རྩ་བའི་ཐབས་ཇུས་ཡིན་ཞེས་གསུངས་མྱོང་། ཁོང་གིས་གསུངས་པ་ཇི་བཞིན། མིན་ཡོན་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་གཙིགས་སུ་བཟུང་ཞིང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་དུ་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་གནང་ཡོད།
         མིག་སྔར། བྱ་བའི་བཀོད་སྒྲིག་གི་དབང་གིས་ཁུང་ཆིང་ཅུས་སློབ་གསོའི་ལས་གནས་ནས་ཁ་བྲལ་ཡོད་མོད། འོན་ཀྱང་། ཁོང་གི་སེམས་པ་སྔར་བཞིན་སློབ་གསོའི་ལས་དོན་ལ་ཕྱོགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། མི་དམངས་ནས་སྤྲད་པའི་དབང་ཆ་ཡིས་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱ་རྒྱུ་དེ་ཁོང་གི་འགྱུར་མེད་ཀྱི་བསམ་འདུན་དང་བླ་མེད་ཀྱི་འགན་འཁྲི་རེད། ཏང་དང་རྒྱལ་ཁབ་ཀྱི་འགྱུར་མེད་འགོ་ཁྲིད་འོག སྤྱི་ཚོགས་ལས་རིགས་ཁག་གི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཞིང་དེ་ལས་མཚོ་སྔོན་གྱི་སློབ་གསོའི་ལས་དོན་ལའང་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་གསར་པ་འབྱུང་བར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།