ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > གསར་འགྱུར།

སྐབས་13པའི་རྒྱལ་ཡོངས་མི་དམངས་འཐུས་ཚོཊ་གྲོས་ཚོཊ་ཐེངས་ལྔ་པ་གྲོལ་བ།

སྤེལ་དུས 2022-03-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་རྗེས། སྤྱི་ཚེས་11ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲོལ་ཡོད། ཚོགས་ཆེན་ཐོག སྲིད་གཞུང་གི་ལས་དོན་སྙན་ཞུ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་ཆོག་མཆན་ཐོབ་པ་དང་། ཚོགས་ཆེན་ཐོག་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་110པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་ཡོད། ཚོགས་ཆེན་ཐོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་ཐབས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་ཐབས་བཅས་ལ་གྲོས་འཆམ་བྱུང་ཡོད།
       མཇུག་འགྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིང་། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
       ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་ཐོག་ཏུ་བཞུགས་ཡོད། 
       གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་2951ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི་2758ཟིན་པ། འཐུས་མི་193ཞུགས་ཐུབ་མེད། གྲོས་ཚོགས་སུ་ཞུགས་པའི་འཐུས་མིའི་མི་གྲངས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད། 
       སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད། 
       གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་སྲིད་གཞུང་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། གྲོས་ཆོད་ནང་། གྲོས་ཚོགས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་སྤྱི་ལོ་2021ལོའི་རྒྱལ་ཁབ་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་གསར་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ། སྙན་ཞུའི་ནང་བསྟན་པའི་སྤྱི་ལོ་2022ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན། སྲིད་ཇུས་བྱ་ཐབས་དང་ལས་ཀའི་བཀོད་སྒྲིག་བཅས་ལ་མོས་མཐུན་གནང་བ་དང་། སྙན་ཞུ་འདིར་ཆོག་མཆན་སྤྲོད་རྒྱུའི་ཐག་བཅད་ཡོད་ཅེས་བསྟན་ཡོད། 
       གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད། སྤྱི་ལོ་2022ལོའི་ཟླ་3པའི་ཚེས་12ཉིན་ནས་བཟུང་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ནི་ཆོད་དོན་ལ་གཞིགས་ཏེ་བཟོ་བཅོས་འོས་འཚམ་བརྒྱབ་རྗེས་བསྐྱར་དུ་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་རེད། 
       གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་ཐབས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་ཐབས་བཅས་ལ་གྲོས་འཆམ་བྱུང་བ་རེད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་གཞིར་བཟུང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྤྱི་ལོ་2023ལོའི་ཟླ་དང་པོར་བདམས་ཚར་རྒྱུ་ཡིན་པ་རེད། 
       གྲོས་ཚོགས་ཐོག་སྤྱི་ལོ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་སྐོར་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ལོ་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུ་དང་སྤྱི་ལོ་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། སྤྱི་ལོ་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། སྤྱི་ལོ་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ་2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། སྤྱི་ལོ་2022ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་ཡོད་པ་རེད། 
       གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུའི་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་གཙོ་བོར་མོས་མཐུན་བྱས་ཡོད་ཅིང་། སྙན་ཞུ་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་འདུག 
       གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྙན་ཞུ་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
       དེ་རྗེས། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད། ཁོང་གིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཡིད་བཞིན་ལེགས་གྲུབ་བྱུང་ཡོད། གྲོས་ཚོགས་ཐོག་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་པ་དང་། ས་གནས་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་རྒྱུའི་བྱ་ཐབས་གཉིས་བཅས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད། གྲོས་ཚོགས་ལ་ཐོབ་པའི་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གསར་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སྤོབས་པ་ཆེར་སྐྱེད་དང་གོམ་པ་མཉམ་བགྲོད་ཀྱིས་མདུན་དུ་སྐྱོད་པའི་འགྱུར་མེད་ཀྱི་ཆོད་སེམས་སྔར་བས་སྐུལ་སློང་བྱས་པ་བཅས་མངོན་ཡོད་ཅེས་བསྟན་འདུག
       ལི་ཀྲན་ཧྲུའུ་ཡིས་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་གང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་འགན་སྒྲུབ་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་གང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལའང་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་ནི་རྩ་བའི་ཐོག་ནས་བཤད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལས་བྱུང་བ་ཞིག་ཡིན། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ངེས་པར་དུ་ཆབ་སྲིད་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་པ་འདི་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་ཏན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་ལམ་བུའི་ཐོག་བསྐྱོད་དགོས། དེ་ནི་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རྩ་ཁྲིམས་ཀྱི་ལྟེ་བའི་རྩ་དོན་འདི་ལས་བྱུང་བ་ཞིག་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་པའི་ཆེས་རྩ་བ་ནི་ཏང་གི་མཛུབ་ཁྲིད་དགོངས་པ་དང་། ཏང་གི་འགོ་ཁྲིད་གནས་བབ་ལ་གཡོ་འགུལ་མི་གཏོང་རྒྱུར་འགན་ལེན་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་རྒྱུར་འགན་ལེན་བྱེད་དགོས་པ་དེ་ཡིན། དེ་ནི་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་ཞིག་ཡིན་པས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དེ་ཉིད་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བ་བྱེད་པའི་གལ་ཆེའི་ལམ་ལུགས་ཀྱི་གཞི་རྟེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་དམངས་རང་ཁྱིམ་རང་བདག་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། དེ་ནི་ཁྲིམས་ལྟར་དབང་ཆ་བེད་སྤྱོད་ཡང་དག་བྱེད་པ་དང་། འགན་འཁྲི་ལག་བསྟར་ཡང་དག་བྱེད་པ་ལས་བྱུང་བ་ཞིག་ཡིན། དེ་ཡང་། སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས་བཅས་ཀྱིས་བྱ་གཞག་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་ལ། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ལག་བསྟར་ཡང་དག་པ་བྱ་རྒྱུར་འགན་ལེན་ཐུབ་ཡོད། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས་བྱུང་བ་ཞིག་ཡིན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱས་ནས། མི་དམངས་འཐུས་ཚོགས་ལམ་ལུགས་དང་འཁོར་རྒྱུག་སྒྲིག་གཞི་དེ་བས་འཐུས་ཚང་དང་དེ་བས་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་སྐྱོད་བྱ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན་འདུག
       ལི་ཀྲན་ཧྲུའུ་ཡིས། སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་འགན་སྒྲུབ་པ་ནས་བཟུང་། འཐུས་མི་རྣམ་པས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་། གྲོས་ཚོགས་ཀྱི་གྲོས་ཞིབ་ནང་ཧུར་ཐག་ཞུགས་པ། སྤུས་ཀ་ལེགས་ལ་དོན་སྙིང་ལྡན་པའི་གྲོས་གཞི་དང་གྲོས་འགོ་བཏོན་ཡོད་པ། ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་ཁྲིམས་ལུགས་གལ་ཆེན་སྒྲིག་བཟོ་དང་བཟོ་བཅོས་རྒྱག་པའི་ནང་ཞུགས་པ་བརྒྱུད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ནམ་ཡང་ལྷོད་གཡེང་མི་བྱེད་ཅིང་སྒྱིད་ལུག་བྲལ་བའི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཐོག འཐུས་མིའི་འགན་འཁྲི་ནན་གྱིས་སྒྲུབ་པ་དང་། རང་སོའི་ལས་གནས་ཐོག་གྲུབ་འབྲས་གསར་པ་དེ་བས་ཆེ་བ་གཏོད་དགོས་ཞེས་གསུངས་ཡོད།
       ལི་ཀྲན་ཧྲུའུ་ཡིས། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་བརྒྱུད་རིམ་ནང་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་འགན་འཁྲི་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་འཛུགས་པ། སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁང་གཉིས་བཅས་ཀྱི་ལས་དོན་ལ་ཁྲིམས་ལྟར་ལྟ་སྐུལ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མི་དམངས་ནས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཀ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཐོག ལག་ལེན་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་ཡོད།
       སྔ་དྲོའི་ཆུ་ཚོད་9དང་སྐར་མ་42ཐོག ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་མཇུག་འགྲིལ་བ་ཁྱབ་བསྒྲགས་གནང་ཡོད། ཚོགས་ཆེན་དེ་ཉིད་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཇུག་འགྲིལ་ཡོད་པ་རེད། 
       ཀྲུའུ་ཞི་སྟེགས་བུར་ཞུགས་པའི་གྲས་སུ་ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཀྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིར། ཧུའུ་ཁྲུན་ཧྭ། ཀོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན། ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧོ་ཧའུ་ཧྭ། ལུའུ་ཀྲན་ཀུང་། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཙུའོ་ཁྲེང་དང་། མིའོ་ཧྭ། ཀྲང་ཧྲེན་རྨིན་སོགས་ཡོད་པ་རེད།
       ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཚོགས་ཆེན་ཟུར་གསན་གནང་ཡོད་པ་རེད། 
       ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་གསན་གནང་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།