ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > གསར་འགྱུར།

བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གསལ་འགྲེལ་བྱ་རྒྱུ་དེ་དུས་རབས་གསར་པ་དང་དེ་བས་འཚམ་པ་བྱེད་དགོས།

སྤེལ་དུས 2022-03-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་བཞིན་པའི་ཨུ་ཡོན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་དང་། ལེགས་སྒྲིག གསལ་འགྲེལ་བཅས་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གསལ་འགྲེལ་བྱ་རྒྱུ་དེ་དུས་རབས་གསར་པ་དང་དེ་བས་འཚམ་པའི་སྒོ་ནས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆོས་དད་དང་དད་སེམས་ཀྱི་འདུ་ཤེས་དེ་ཕ་ཡུལ་འཛུགས་སྐྲུན་དང་། སྤྱི་ཚོགས་ལ་ཞབས་ཞུ། མེས་རྒྱལ་གྱི་དྲིན་གསོ་བ་བཅས་ཀྱི་སྒུལ་ཤུགས་སུ་འགྱུར་བའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
  “ལོ་དེ་དག་རིང་། རང་ཉིད་ས་ཆ་མང་པོར་ཕྱིན་པ་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བསམ་བློའི་འཁྱེར་བཟོ་ལེགས་སུ་ཕྱིན་པ་དང་སྙིང་སྟོབས་འཕེལ་བ་མཐོང་བྱུང”ཞེས་ཨུ་ཡོན་པཎ་ཆེན་མཆོག་གིས་གསུངས་པ་དང་། ཁོང་གིས་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རིགས་ཁོངས་འདི་གའི་མང་ཚོགས་དང་འབྲེལ་གཏུག་ཡག་པོ་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཏང་དང་མང་ཚོགས་དབར་གྱི་སྦྲེལ་ཟམ་ཡག་པོ་བྱེད་དགོས་པ་དང་། ཆོས་ལུགས་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་གཞི་རིམ་ཆོས་ལུགས་རིགས་ཁོངས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མེས་རྒྱལ་དང་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།
  ཨུ་ཡོན་པཎ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གསལ་འགྲེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་ཆོས་ལུགས་རིགས་ཁོངས་རང་ངོས་ནས་རང་འགུལ་ངང་སྒྲུབ་དགོས། དེ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་ཞིབ་ཕྲའི་མཚོན་ཚུལ་དང་རྒྱལ་ཁབ་ལ་འགན་འཁུར་བ་དང་རང་ཉིད་ཀྱིས་དད་པ་བྱ་ཡུལ་ཆོས་ལུགས་ལ་འགན་འཁུར་བའི་ལྷག་བསམ་ཟོལ་མེད་ཀྱི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
  ཨུ་ཡོན་པཎ་ཆེན་མཆོག་གིས“ང་ཚོའི་ཕ་ཡུལ་གྱི་ཡུལ་མི་དང་བོད་རིགས་ཚུད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་འབྱོར་ཕྱུག་དང་། འདྲ་མཉམ། ཤེས་དཔལ། ཞི་མཐུན་བཅས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ལ་སྤྲོ་སྣང་དང་མཛེས་སྡུག་མྱོང་རོལ་བྱེད་བཞིན་ཡོད”ཅེས་གསུངས་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་སྣེ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་གཞི་ནས་འབྱུང་འགྱུར་གྱི་དཀའ་ཉེན་མཐའ་དག་ཁྱད་དུ་བསད་ནས་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ཅེས་གསུངས་པ་རེད།
  ཨུ་ཡོན་པཎ་ཆེན་མཆོག་གིས“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བར་ང་ཚོས་གཡོ་འགུལ་མི་གཏོང་བ་དང་། ཐེ་ཚོམ་མི་ཟ་བ། ཟ་ཟིར་མི་བྱེད་པ་བཅས་བྱེད་དགོས། གནད་དོན་དེའི་ཐད་རྒྱལ་གཅེས་ཆོས་གཅེས་དང་། ཕ་ཡུལ་དང་མི་དམངས་ལ་དགའ་ཞེན་ཆེ་བའི་ཆོས་ལུགས་རིགས་ཁོངས་མི་སྣ་ཚང་མས་དར་ཆ་གསལ་སྟོན་བྱེད་དགོས”ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།