ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > 2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས། > གསར་འགྱུར།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

སྤེལ་དུས 2022-03-14 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
(2022ལོའི་ཟླ་3ཚེས་10ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)
  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་2022ལོའི་ཟླ་3ཚེས་4ཉིན་ནས་ཚེས་10ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ནས་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་གླེང་གནང་བ་རེད། ཚོགས་འདུའི་ཐོག་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ནས་ཆོག་མཆན་སྤྲད་པ་དང་། ཀྲུའུ་ཞི་གཞོན་པ་ལིའུ་ཤིན་ཁྲེང་གིས་གནང་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་གནང་ནས་ཆོག་མཆན་སྤྲད་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་རེད། ཨུ་ཡོན་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སོགས་གསན་པ་དང་འབྲེལ་གྲོས་བསྡུར་གནང་ནས་མོས་མཐུན་གནང་བ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
  ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། 2021ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་བབ་བརླིང་ངང་ཁ་གཏད་བཅག་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་པ་དང་འབྲེལ་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པ་གཏན་འཁེལ་བྱས་པ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་ཕྱོགས་ནས་རྒྱང་སྐྱོད་ལམ་བུ་གསར་པར་དཔུང་སྐྱོད་བྱས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། མི་དམངས་སྲིད་གྲོས་ཀྱིས་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། བརྗོད་དོན་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ནས་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཙོ་གནད་དུ་བཟུང་སྟེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་ལ་དམིགས་ནས་གྲོས་མོལ་དང་ཐབས་འདོན་ཇུས་འབུལ་གཏིང་ཟབ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།  
  ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་སོང་རིང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུའི་དམ་བཅའ་བཞག་ཡོད། འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་དང་། རླབས་ཆེན་གྱི་གྲུབ་འབྲས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་པ། ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་རྩ་ཆེ་བ་བཅས་ཡོད། མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་གཏོང་རིང་དང་ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོར་ངོས་འཛིན་གཏིང་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མི་དམངས་སྲིད་གྲོས་རྩ་འཛུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་གཏོགས་གཤིས་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད།  
  ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་རིགས་ཁོངས་དང་སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་པར་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་པ། སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་དམ་དུ་གཏོང་བ་སོགས་ཀྱི་ཐད་ལ་མཛུབ་སྟོན་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་གནང་བས། དེར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་གསུང་བཤད་ཀྱི་དགོངས་དོན་སྲིད་གྲོས་ཀྱི་ལས་དོན་ནང་ལག་བསྟར་ཏན་ཏིག་བྱེད་དགོས།
  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞི་དང་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་བསྟར་བྱེད་པ། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ། དྲང་ནུས་བརྒྱུད་སྤེལ་དང་སྙིང་སྟོབས་ཆེར་སྐྱེད་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་དང་ཇུས་འདོན་བློ་འདྲི། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པར་རམ་འདེགས་བྱེད་དགོས། སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་ཕྱིའི་ཤེས་ཡོན་ཅན་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་བཅས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་རྒྱུ”བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ནས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཕྱོགས་ཀྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།  
  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ལ་བརྟག་ཞིབ་དང་ཕྱོགས་སྡོམ་ནན་ཏན་བྱེད་པ། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྔ་ཕྱི་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ནས་སྐབས་འདིའི་སྲིད་གྲོས་ཀྱི་ལས་དོན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ་རང་འགན་ཧུར་ཐག་སྒྲུབ་རིང་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་དགོས།  
ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།