ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

འཐུས་མི་ཤི་ལོག་སྒྲོལ་མ། འཛམ་གླིང་འགྲན་བསྡུར་དུ་ཨང་དང་པོ་ལེན་མཁན།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  2022ལོའི་ཟླ7པའི་ཉིན་ཞིག་ལ། གྲོང་ཚོར་བཅའ་སྡོད་བྱེད་བཞིན་པའི་ཤི་ལོག་སྒྲོལ་མར་རང་ཉིད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བའི་བརྡ་ཐོ་འབྱོར་སྐབས་དགའ་ཚོར་ཆེན་པོ་སྐྱེས།
ཤི་ལོག་སྒྲོལ་མ།(གཡོན)
  1987ལོའི་ཟླ10པའི་ཚེས24ཉིན། ཤི་ལོག་སྒྲོལ་མ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་གྲོང་གསར་པ་གྲོང་ཚོའི་ཞིང་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་ཤེད་ཤུགས་ཆེ་བས་ལས་ཀ་བྱེད་སྐབས་ཕྲུ་གུ་བུ་ལས་སྐྱོ་བ་མེད། 2001ལོར་མོའི་རྩལ་ནུས་ཀྱི་རྨང་གཞི་ཡག་པ་དང་ཤེད་ཤུགས་ཆེ་བའི་ཁར་འགྲན་རར་བློ་ཁོག་ཆེ་བས། བོད་རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭར་ཚུད་དེ་སྦེ་ག་སྦྱོང་འགོ་ཚུགས་པ་དང་། རྗེས་སུ་བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས(དེ་སྔའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ལས་དོན་རུ་ཁག)ལ་བདམས་པ་རེད། 2002ལོར་མོས་རྩལ་ཁྲིད་པ་སྤེན་པ་དོན་གྲུབ་དང་བསྟན་འཛིན་དགེ་རྒན་དུ་བསྟེན་ནས་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་བྱེད་འགོ་ཚུགས།
  རལ་གྲི་རྣོ་པོ་བརྡར་ནས་བྱུང་ཞེས་པ་ལྟར། རུ་ཁག་ནས་གཟུགས་སྟོབས་ཆུང་ཤོས་ཡིན་པའི་ཤི་ལོག་སྒྲོལ་མས་གཞན་ལས་ལྷག་པའི་འབད་བརྩོན་བྱས་ཏེ། ཉིན་ལྟར་སྦེ་ག་དབྲིལ་སྟངས་གཅིག་ཡང་སྐོར་བསྐྱར་སྐོར་བྱས་ཏེ་སྦྱངས་པས། རྟག་ཏུ་མཇིང་པ་དང་། དཔུང་པ། སྐེད་པ། རྐང་པ་སོགས་རྨས་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་བློས་གཏོང་བྱེད་སྙམ་པའི་བསམ་བློ་གཏན་ནས་གཏོང་མྱོང་མེད།

  འབད་པ་ཅན་ལ་ལམ་འགྲོ་རྒྱུག ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ཀྱི་སྦྱོང་བརྡར་བྱེད་རིང་། རིམ་གྱིས་འཚར་ལོངས་བྱུང་བའི་ཤི་ལོག་སྒྲོལ་མར་མི་ཚེའི་བཀྲག་མདངས་འཚེར་བའི་དུས་སྐབས་ཤར།
  2009ལོར་རྒྱལ་ཡོངས་ཀྱི་ཨང་དང་པོའི་འགྲན་བསྡུར་གྱི་ཨང་གསུམ་པར་སླེབས་ནས་རྒྱལ་ཁབ་རུ་ཁག་ལ་ཚུད།
  2011ལོར་དབྱི་སི་ཐན་པུར་གྱི་སྦེ་གའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྤྱི་རྒྱ67རིམ་པའི་ཨང་དང་པོ་བླངས་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན། རྩལ་འགྲན་ལུས་རྩལ་གྱི་འཛམ་གླིང་གི་ཨང་དང་པོར་གྱུར་ཏེ། བོད་ཀྱི་རྩལ་འགྲན་ལུས་རྩལ་ལ་འཛམ་གླིང་གི་ཨང་དང་པོ་མེད་པའི་སྟོང་ཆ་བསྐངས།
  2013ལོར་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་སྤྱི་རྒྱ་63རིམ་པའི་ཨང་དང་པོ་ཐོབ།
  2014ལོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྦེ་ག་འགྲན་བསྡུར་གྱི་བུད་མེད་ཀྱི་རང་མོས་སྦེ་གའི་སྤྱི་རྒྱ་63རིམ་པའི་མཐའ་བསྡུར་ལ་རྒྱལ་ཁབ་རུ་ཁག་གི་ཚབ་བྱས་ཏེ། འགྲན་བསྡུར་ལ་ཞུགས་པར་དངུལ་གྱི་རྟགས་མ་རག་པ་དེ་ནི། རང་ལྗོངས་ཀྱི་ལུས་རྩལ་བས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བླངས་པའི་གཟེངས་རྟགས་ཐོག་མ་དེ་རེད།

  “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས། ང་རང་ལུས་རྩལ་སློབ་གྲྭར་འགྲོ་བའི་བསྐལ་བ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྩལ་ཁྲིད་པ་ཚོའི་ཐུགས་ཁུར་དང་རོགས་རམ་ལའང་ཐུགས་རྗེ་ཆེ་ཞུ། ངའི་མི་ཚེར་ངོ་མཚར་བ་མང་པོ་ཞིག་གཏོད་ཐུབ་སོང་། སྦེ་ག་ལས་ངའི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ”ཞེས་དེ་སྔོན་གྱི་གྲུབ་འབྲས་སྐོར་གླེང་སྐབས། ཤི་ལོག་སྒྲོལ་མས་ཐུགས་རྗེ་ཆེ་མང་པོ་ཤོད་བཞིན་མཆིས།
  2017ལོར་ཤི་ལོག་སྒྲོལ་མ་འཐབ་ས་དང་པོ་ནས་བཤོལ་ཏེ་ལུས་རྩལ་རུ་ཁག་ལ་དོ་དམ་བྱེད་འགོ་ཚུགས། ལོ་ཁ་ཤས་རིང་། ཁོང་གིས་སྔ་རྗེས་སུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་གཅིག་དང་། གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཅིག བོད་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས། བོད་ལྗོངས་ཕྱི་ནང་གི་འགྲན་བསྡུར་གཞན་དག་བཅས་ལ་ཞུགས་པས། ལས་སྒོའི་ཤེས་བྱ་དང་དོ་དམ་གྱི་ཉམས་མྱོང་མང་པོ་བསགས་ཡོད།

  “ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྨང་གཞི་ནི་མང་ཚོགས་ཀྱི་ལུས་རྩལ་རེད།” དེར་བརྟེན། ཆེད་ལས་རྩལ་འགྲན་ལུས་རྩལ་བ་ཞིག་ནས་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་སྦྱོང་བརྡར་ཁོའོ་ཡི་ཁོའོ་ཀྲང་དུ་གྱུར་པའི་བར། ཤི་ལོག་སྒྲོལ་མར་ལུས་རྩལ་བྱ་གཞག་ལ་ངོས་འཛིན་གསར་རྐྱང་ཞིག་བྱུང་ནས། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ལ་དོ་ཁུར་བྱེད་འགོ་ཚུགས། “ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ5547ཡོད་ཅིང་། ཁོ་ཚོས་གྲོང་ཁྱེར་དང་། གྲོང་གསེབ། སྡེ་ཁུལ་བཅས་གང་སར་མང་ཚོགས་ལ་ཐང་ཆེན་ཞབས་བྲོ་དང་། ལུས་སྦྱོང་ལུས་རྩལ། ཐའེ་ཅི་དྲག་རྩལ་སོགས་ལུས་རྩལ་རྣམ་གྲངས་བསླབས་ཏེ། བོད་རང་སྐྱོང་ལྗོངས་སུ་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད”ཅེས་བཤད།
  ཤི་ལོག་སྒྲོལ་མས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི། ངའི་མི་ཚེ་གཅིག་གི་གཟི་བརྗིད་ཆེ་ཤོས་དེ་ཡིན། སླད་ཕྱིན་ངས་ངེས་པར་དུ་མུ་མཐུད་སེམས་ནུས་གཅིག་སྒྲིལ་དང་རང་འགན་གཙང་སྒྲུབ་བྱས་ཏེ། ལུས་རྩལ་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བ་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།
  རྩོམ་སྒྲིག་པ། སངས་སྐྱབས།