ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

སྡུག་པོ་སྔོན་ལ་མྱངས་ན་སྐྱིད་པོ་རྗེས་ལ་ལོས་ཡོང་།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
——ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མི་ཉི་སྐྱིད་ཀྱི་སྐོར་བཀོད་པ།
          “ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་ངེས་པར་དུ་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་བསྲུངས་ནས་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མི་ཉི་སྐྱིད་ཀྱིས་ལོ་འདི་དག་རིང་གི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་སེམས་འགུལ་ཚད་མེད་ཐེབས་ཤིང་དེ་ལྟར་གསུངས།
         “དཀའ་བའི་ལ་མོ་མ་བརྒྱབ་ན་བདེ་མོའི་ཐང་ལ་ཇི་ལྟར་སླེབས”ཅེས་པའི་སྐད་ཆ་དེའི་ཐོག་ནས་ཉི་སྐྱིད་ཀྱི་མི་ཚེ་གསོན་ཉམས་དོད་པོས་མཚོན་གྱི་ཡོད། རྒྱལ་ཡོངས་ཀྱི“ཁྱིམ་ཚང་ཡག་ཤོས”དང་། བོད་རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”སྒར་རྫོང་གི“ཁྱིམ་ཚང་ཡག་ཤོས”བོད་རང་སྐྱོང་ལྗོངས་ཀྱི“དབུལ་བྲལ་འགག་སྒྲོལ་གྱི་བུད་མེད་འཇོན་ཐང་ཅན”བོད་རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད་དར་དམར་བའི་དཔེ་དམག”སོགས་གཟི་བརྗིད་མཚན་སྙན་རེ་རེ་ནི་ཉི་སྐྱིད་ཀྱིས་མི་རྣམས་ཀྱིས་བློས་དཔོག་པར་དཀའ་བའི་དཀའ་སྤྱད་འབད་བརྩོན་ལྷོད་མེད་གནང་བ་ལས་ཐོབ་པ་ཤ་སྟག་རེད།

ཉི་སྐྱིད་ཀྱིས་ཁང་པ་གསར་པའི་ནང་ཅོག་ཙེ་འབྱིད་བཞིན་པ།
         ད་ལོ་ལོ37ལ་སླེབས་པའི་ཉི་སྐྱིད་ནི1997ལོའི་གོང་ལ་ཕྲུ་གུ་གཞན་དག་དང་འདྲ་བར་ས་མཆོང་གནམ་མཆོང་བྱེད་མཁན་གྱི་ཕྲུ་གུ་གྲུང་ཤ་དོད་པོ་ཞིག་རེད། འོན་ཀྱང་ལོ13ལ་སླེབས་སྐབས། སྟབས་མ་ལེགས་པར་རླངས་འཁོར་གྱི་ལས་འཛོལ་ཞིག་ཐོན་ནས་ཁོང་གི་རྐང་པ་གཡོན་མ་བཅགཉི་སྐྱིད་ཀྱི་རྐང་པར་སྨན་བཅོས་བྱ་ཆེད། ཁོང་གི་ཨ་མས་གང་ས་ནས་དངུལ་བསྐྱིས་པ་དང་ཁྱིམ་གྱི་སྒོ་ཕྱུགས་བཙོངས་ཏེ་ཁོང་གང་ས་གང་དུ་སྨན་བཅོས་བྱེད་པར་ཐེངས་མང་ཁྲིད་པ་དང་། གཤགས་བཅོས་ཐེངས་བཅུ་ལྷག་ཙམ་བྱས་རུང་ད་དུང་དྲག་སྐྱེད་ཡག་པོ་བྱུང་མེད།      2008ལོའི་དབྱར་ཁ་ཞིག་ལ་ཉི་སྐྱིད་ཀྱི་ཨ་མས་ཁོང་ཁྲིད་དེ་སི་ཁྲོན་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་བསྐྱོད་ནས་ཁོང་གི་རྐང་པར་སྒྲོམ་སྐྱོར་ཞིག་བསྒར།
         བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་ཕུག་ཅེས་པའི་དཔེ་ལྟར། སྦྱོང་བརྡར་ཡང་ཡང་བྱས་པ་དང་དུས་ཡུན་རིང་གོམས་པར་བྱས་པས2011ལོར་ཉི་སྐྱིད་གཞི་ནས་འཁར་རྒྱུག་ལ་བརྟེན་མི་དགོས་པར་གོམ་པ་རྒྱག་ཐུབ་པ་བྱུང་།
         འོན་ཀྱང2015ལོར་ཁོང་གི་ཨ་མ་མི་ཡུལ་འདི་དང་གཏན་བྲལ་དུ་སོང་ཞིང་། དེ་ལས་བརྟེན་ས་ཨ་མ་གཅིག་པུ་ལས་མེད་པའི་ཁོང་ལ་མུ་གེའི་སྟེང་གི་ཟླ་ལྷགས་ལྟར་གྱི་སྡུག་བསྔལ་ཚད་མེད་བྱུང་ལ། ད་ལྟའང་ཨ་མའི་སྐོར་གླེང་སྐབས་ཁོང་གི་མིག་ནང་མཆི་ཞག་འཁོར་གྱི་ཡོད།
         འོན་ཀྱང་དཀའ་ངལ་དེ་འདྲའི་མདུན་དུ་ཉི་སྐྱིད་ཀྱིས་ཕྱིར་བཤོལ་མ་བྱས་པར་མིག་ཆུ་ཕྱིས་ཏེ་དད་སེམས་བརྟན་པོའི་ངང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཆེད་འབད་བརྩོན་ཧུར་ཐག་གནང་།

ཉི་སྐྱིད་ཀྱིས་ཚོང་ཁང་ནང་ཚོང་ཟོག་རྩིས་རྒྱག་བཞིན་པ།
         འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པར་བྱ་ཆེད། ཐོག་མར་ཉི་སྐྱིད་ཀྱིས་གྲོང་ཚོའི་ནང་དུ་ཚོང་ཁང་ཞིག་བཙུགས་པ་དང་། ཚོང་ཁང་བཙུགས་མ་ཐག་ཚོང་ཧ་ཅང་སྐྱོ་ཞིང་མཚམས་རེ་ཉིན་གཅིག་ལ་གཏེར་ཆུ་འགྱིག་དམ་གཅིག་ཀྱང་བྲིན་གྱི་མེད་པས་ཡུན་རིང་གྱོང་གུན་ཆེན་པོ་ཕོག་ཡོད། དེར་བརྟེན་ཁོང་གིས་ཤོག་སྒམ་ཞིག་གི་སྟེང་དུ“ཉི་སྐྱིད་ཚོང་ཁང”ཞེས་བྲིས་ཏེ་ཚོང་ཁང་གི་སྒོ་རྩར་བཞག་ནས་ཡར་འགྲོ་མར་འགྲོ་བྱེད་མཁན་གྱིས་འདི་ཁུལ་དུ་ཚོང་ཁང་ཞིག་ཡོད་པ་ཤེས་པར་བྱས། དེ་ནས་དུས་ཀྱི་འགྱུར་བ་དང་བསྟུན་ནས་གྲོང་མི་མང་པོས་འདི་གར་ཚོང་ཁང་ཡོད་པ་ཤེས་ནས་ཙག་ཙིག་ཉོ་མཁན་ཇེ་མང་དུ་སོང་ལ་ཚོང་ཡང་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན།
         2012ལོར། སྒར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་བདེ་མཆོག་གྲོང་ཚོར་བརྟག་ཞིབ་བྱེད་སྐབས་མི་སེམས་འགུལ་བའི་ཉི་སྐྱིད་ཀྱི་གནས་ཚུལ་དག་ཤེས་རྗེས། ཁོང་ལ་དངུལ་ཁང་ནས་བུད་མེད་ཀྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་སྒོར་ཁྲི4རེ་ཞུ་བྱེད་རོགས་བྱས་ཏེ་ཚོང་ཁང་གི་གཞི་ཁྱོན་ཆེ་རུ་བཏང་། དེ་ལྟར་ཉི་སྐྱིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པའི་ཁར་ཉེ་འཁོར་མང་ཚོགས་དང་ས་གནས་བཅའ་སྡོད་དཔོན་དམག་ཚོའི་ལྟ་རྟོག་འོག་ཁོང་གི་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་བ་དང་། དེ་ལས་ཀྱང་དགའ་འོས་པ་ཞིག་ལ་ཁོང་ཡང་གྲོང་མི་གཞན་དང་མཉམ་དུ་ཧྲའན་ཞི་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། དེ་གར་ཇ་ཁང་ཞིག་ཀྱང་བཙུགས།
         2016ལོར། ཉི་སྐྱིད་ཀྱིས་བུད་མེད་ཀྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་ཐེངས་གཉིས་པ་སྟེ་སྒོར་ཁྲི5བསྐྱིས་ནས་ཙག་ཙིག་ཚོང་ཁང་དེ་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་ཏུ་སྒྱུར་བཀོད་བྱས་པ་དང་། ཇ་ཁང་ལའང་མཛེས་བཟོ་བྱས་པས་ལོ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི1ལྷག་ཙམ་བྱུང་བའི་ཁར་བཟའ་ཟླ་ལའང་ཕྱིར་གླ་པར་བསྐྱོད་པས་ཡོང་འབབ་བྱུང་ནས2017ལོར་ནང་མི་ཚང་མ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། ད་ཆ་ལོ་གཅིག་ནང་ཉི་སྐྱིད་ཚང་ལ་ཡོང་འབབ་སྒོར་ཁྲི10ལྷག་ཙམ་ཡོད།
         མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་ངོ་མ་མིན། འཚོ་བ་ཇེ་ལེགས་སུ་འགྲོ་བའི་ཉི་སྐྱིད་ཀྱིས་ཉེ་འགྲམ་གྱི་གྲོང་མི་རྣམས་ཡེ་ནས་བརྗེད་མྱོང་མེད་པར་ལོ་ལྟར་དགུན་ཁ་ཤར་རིམ་བཞིན་ཁོང་གིས་གྲོང་ཚོའི་ནང་གི་རྒན་རྒོན་ཁེར་རྐྱང་ཚོར་འཚམས་འདྲི་གནང་བར་ཕེབས་ཀྱི་ཡོད།ཁོང་གིས“མ་གཞི་རྒན་རྒོན་ཚོར་སྤྲོད་རྒྱུའི་དངོས་ཟོག་མང་པོ་མེད་ཀྱང་ཁོང་ཚོས་འདི་དག་ལས་དྲོ་སྐྱིད་ཚོར་རྒྱུའི་རེ་བ་ཡོད”ཅེས་འཛུམ་དམུལ་དམུལ་ངང་གསུངས། གཞན་ཡང་ཁོང་གིས་ད་དུང་ལོ་མང་རིང་གི་ཚོང་བརྒྱབ་པའི་ཉམས་མྱོང་སྦ་གསང་གང་ཡང་མེད་པར་གྲོང་ཚོའི་བུད་མེད་ཚོར་བསླབས་ཏེ་ཚང་མ་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུར་རོགས་རམ་གནང་།

ཉི་སྐྱིད་ཀྱིས“ཞིང་གསུམ་དངུལ་རྩའི་ཞབས་ཞུ་ས་ཚིགས”སུ་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་པ།
         ཉི་སྐྱིད་ཀྱིས“རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་ངའི་དབུལ་ཞྭ་ཕུད་ཐུབ་བྱུང་། ངས་ཀྱང་ཉེ་འགྲམ་གྱི་མི་དེ་བས་མང་བ་མཉམ་དུ་ཕྱུག་འགྱུར་ལམ་བུར་སྐྱོད་པར་སྐུལ་ཁྲིད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས། 
         མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པ་ཕུད་མཐའ་མཚམས་ཀྱི་འཐབ་ས་དང་པོར་འཚོ་བ་སྐྱེལ་བཞིན་པའི་ཉི་སྐྱིད་ཀྱིས་རང་ཉིད་ནི་མཐའ་མཚམས་སྐོར་གཡེང་བ་ཞིག་ཡིན་པའི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཡོད།
         དང་ཐོག་ཉི་སྐྱིད་ཀྱིས་རང་འགུལ་ངང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཙལ་ནས་སྐོར་གཡེང་ལས་འགན་སྒྲུབ་རྒྱུའི་རེ་བ་བཏོན་ཡང་གྲོང་ཚོས་ཁོང་གི་རྐང་པ་ཐང་པོ་མེད་པས་འཐབ་ས་དང་པོར་སྐོར་གཡེང་བྱེད་དུ་འཇུག་མི་བཟོད། འོན་ཀྱང་སྤྲོ་སྣང་ལྡན་ལ་བག་དྲོ་བའི་ཉི་སྐྱིད་ཀྱིས་འཕྲལ་དུ་ཐབས་ཤེས་གསར་པ་ཞིག་རྙེད་པ་སྟེ“རང་ཉིད་འཐབ་ས་དང་པོར་སྐྱོད་མ་ཐུབ་ཀྱང་འཐབ་ས་དང་པོར་རོགས་སྐྱོར་བྱེད་པ”དེ་རེད། 
         གྲོས་བསྡུར་བྱས་རྗེས་ཉི་སྐྱིད་ལ“དམིགས་བསལ་གྱི་ལས་འགན”ཞིག་བཀོད་སྒྲིག་བྱས་པ་སྟེ། སྐོར་གཡེང་བ་ཚོ་སྐོར་གཡེང་ཚར་ནས་ཕྱིར་ལོག་ཚེ་རིན་མེད་ངང་ཇ་མངར་མོ་དང་བུལ་ཐུག་དཀར་ཡོལ་གང་འཐུང་དུ་འཇུག་རྒྱུ་དེ་རེད། འོན་ཀྱང་གྲོང་མི་དང་བཅིངས་འགྲོལ་དམག་མི་སུ་ཡིན་རུང་ཚང་མས་མ་གྲོས་གཅིག་མཐུན་ངང“རང་གི་སེམས་བཟང་ང་ཚོས་དང་ལེན་བྱས་ཆོག་འོན་ཀྱང་དངུལ་ངེས་པར་དུ་ལེན་དགོས”ཞེས་བརྗོད་ཀྱི་ཡོད་པས། ད་ལྟའི་བར་སེམས་རྩ་འཁོལ་བའི་ལས་འགན་འདི་ཐེངས་གཅིག་ཀྱང་འགྲུབ་མེད། ཉི་སྐྱིད་ཀྱིས་ཚང་མས་ངའི་དཀའ་ངལ་ལ་བསམ་ཤེས་བྱས་ནས་དངུལ་སྤྲོད་ཀྱང་བྱས་པ་དེས་ངའི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་བྱུང་ཞེས་གསུངས།
         དེ་ནས་བཟུང་ཉི་སྐྱིད་ཀྱིས་ཚོང་ཁང་གཉེར་སྐྱོང་བྱེད་ཞོར་དུ་ཁོམ་པ་བཙལ་ནས་ཇ་ཁང་དུ་མཐའ་སྲུང་བ་སྒུག་ནས་སྡོད་ཀྱི་ཡོད་ལ། ཁོང་གི་བཟའ་ཟླ་ཡང་མཐའ་མཚམས་ལ་སྐོར་གཡེང་བྱེད་པར་འགྲོ་གི་ཡོད། ལས་འགན་བཀོད་སྒྲིག་བྱས་པས་ཉི་སྐྱིད་ཀྱི་གདོང་ལས་སླར་ཡང་འཛུམ་མདངས་འཕྱུར་ཞིང་། མཐའ་སྲུང་བ་སྒུག་དུས་སུ་ཁོང་གིས་གྲོང་ཚོའི་གཅེན་གཅུང་ཚོར་ཚོང་རྒྱག་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ“སྤྱི་ཚོགས་འདི་འདྲའི་བཟང་པོ་ཡོད་པས། ང་ཚོས་སྔོན་ལ་རང་ཉིད་ཕྱུག་པོ་ཆགས་པར་བྱས་ཚེ་གཞི་ནས་རྒྱལ་ཁབ་ཧྲིལ་པོ་སྟོབས་འབྱོར་ལྡན་པར་འགྱུར་ཐུབ”ཅེས་གསུངས་ཀྱི་ཡོད་ལ། ཚང་མས་ཁོང་གི་བྱེད་ལུགས་བྱེད་སྟངས་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད།
         ཉེ་བའི་ལོ་ཤས་རིང་ཉི་སྐྱིད་ཀྱིས་སྐབས་འགར་གྲོང་ཚོའི་ཡུལ་དམག་དང་མཉམ་དུ་ས་ཚིགས་སུ་ལས་རེས་བྱེད་ཀྱི་ཡོད། ས་བབ་མཐོ་བའི་ལས་རེས་ས་ཚིགས་སུ་ལོ་གཅིག་དུས་བཞིར་རླུང་བུ་ཆེན་པོ་ལྡང་བ་དང་དགུན་དུས་དེ་བས་གྲང་རླུང་འུར་འུར་དུ་ལྡང་བ་མ་ཟད། སྐབས་རེར་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཀྱང་ཆད་ཀྱི་ཡོད། འོན་ཀྱང་ལས་རེས་བྱེད་པའི་དུས་ཚོད་སླེབས་རིམ་བཞིན་ཁོང་གིས་འཁང་ར་དང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དེ་གར་སྐྱོད་ཀྱི་ཡོད།
         ད་ལོ་ཉི་སྐྱིད་ལ་ཐོབ་ཐང་གསར་པ་ཞིག་བྱུང་བ་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་རེད། ཁོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འདི་ནི་ངའི་མི་ཚེ་གཅིག་ནང་བརྗེད་པར་དཀའ་བ་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་མྱོང་བ་ཞིག་ཡིན། གྲོང་ཚོར་ལོག་རྗེས་ངས་ངེས་པར་དུ་སྣེ་ཁྲིད་དེ་སློབ་སྦྱོང་ཡག་པོ་དང་། སྒྲོག་འགྲེལ་ཡག་པོ། ཚོགས་འདུའི་དགོངས་དོན་ལག་བསྟར་ཡག་པོ་བཅས་བྱས་ནས་ཡུལ་མི་ཚོས་ངར་བཅངས་པའི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།