ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཚེ་རིང་ལྷ་མོ་ལགས།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
——དབང་སྐྱོན་བྱིས་པར་རེ་བའི་འོད་སྣང་སྩོལ་མཁན་གྱི་སློབ་སྤྱི་ཚེ་རིང་ལྷ་མོ་ལགས།
          ལེ་ཚན་བཏོད་པའི་གཏམ།
          བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་དབུ་ཁྲིད་འོག་དང་། ཏང་གི་སྒྲིག་ཡིག་གི་གཏན་འབེབས་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག རྒྱལ་ཡོངས་ཀྱི་འདེམས་བསྐོའི་ལས་ཁུངས38ཀྱི་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཁྱོན2296བདམས་ཐོན་བྱུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཏང་ཡོན་ཕུལ་བྱུང་ཤ་སྟག་ཡིན་པས། ཁོང་རྣམ་པར་སྔོན་ཐོན་རང་བཞིན་དང་རྒྱ་ཁྱབ་འཐུས་ཚབ་རང་བཞིན་ལྡན་ཡོད། ཁོང་རྣམ་པ་ནི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རིམ་པ་བསྟར་ཆགས་བཞིན་བདམས་ཐོན་བྱུང་བ་ཞིག་ཡིན་པས། ཏང་ཡོན་ཁྲི9600ལྷག་དང་། གཞི་རིམ་ཏང་རྩ་འཛུགས་ཁྲི490ལྷག་གི་མངག་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས། ཏང་ཡོངས་ཀྱི་འདུན་པ་དང་། མི་དམངས་ཀྱི་རེ་འདུན་གཅིག་ཏུ་བསྡུས་ཏེ། གཟི་བརྗིད་ལྡན་པའི་ངང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད།
         དེ་རིང་གསར་འགོད་པས་ལྷན་རྒྱས་ཀྱི་སྤྱན་ལམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོ་ལགས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། ཁོང་དང་དམིགས་བསལ་སློབ་གསོའི་གཏམ་རྒྱུད་ལ་རྒྱུས་ལོན་གནང་བར་འཚལ།

         ཁོང་སློབ་གསོའི་བྱ་བར་ཞུགས་ནས་ལོ28སོང་ཡོད། ཆེས་ཕལ་བ་དང་ཆེས་དམིགས་བསལ་གྱི་ལས་གནས་དེའི་ཐོག་ཏུ།  ཁོང་གིས་མ་ཡི་འདུ་ཤེས་བཅངས་ནས་དབང་སྐྱོན་བྱིས་པ་རྣམས་ཀྱི་འཚར་ལོངས་ལ་གཅེས་སྐྱོང་བགྱིས་ཏེ། དམིགས་བསལ་གྱི་བརྩེ་བ་དྲོན་མོ་དམིགས་བསལ་གྱི་སློབ་གསོར་ཕུལ་བ་དང་སློབ་མའི་ཡིད་ཀྱི་ཞིང་སར་རེ་བའི་ས་བོན་རེ་རེ་གཏོར་བཞིན་ཡོད།
         ཚེ་རིང་ལྷ་མོ། གཅེས་སེམས་ལ་བརྟེན་ནས་དབང་སྐྱོན་བྱིས་པར་སློབ་གསོའི་བགྲོད་ལམ་བཏོད་པ།
         གསར་འགོད་པ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་སྐྱོད་སྐབས། སློབ་སྤྱི་གཞོན་པ་ཅང་ཐའོ་ཡིས་ས་ཡུལ་གཞན་དུ་བཞུགས་པའི་སློབ་སྤྱི་ཚེ་རིང་ལྷ་མོ་ལགས་དང་བརྙན་ལམ་བརྒྱུད་ནས་ཞལ་པར་སྐྱོན་བཞིན་མཆིས།  མ་གཞི་ཚེ་རིང་ལྷ་མོ་ལགས་ས་ཡུལ་གཞན་དུ་བཞུགས་ཡོད་པའི་དབང་གིས་སློབ་གྲྭར་དུས་ཐོག་ཏུ་ཕྱིར་ལོག་ཐུབ་མེད་ཀྱང་། ཁོང་གིས་ཉིན་ལྟར་དྲ་ཐོག་ནས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་ཡོད།
         1994ལོའི་ཟླ7པར། ཚེ་རིང་ལྷ་མོ་ལགས་བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། མི་དམངས་ཀྱི་དགེ་རྒན་ཞིག་བྱ་རྒྱུའི་ཐུགས་ཐག་བཅད་པ་ལྟར།  ཨ་མདོ་རྫོང་སློབ་འབྲིང་དུ་དཔེ་ཁྲིད་མི་སྐྱོང་གི་ལས་ལ་ཞུགས། དེའི་རྗེས་སུ་ལས་སྒྱུར་བྱས་ཏེ་ཁག་སོ་སོར་ནག་ཆུ་གྲོང་ཁྱེར་སློབ་འབྲིང་དང་། ནག་ཆུ་གྲོང་ཁྱེར་བུ་བཅོལ་ཁང་དུ་དགེ་རྒན་གནང་། 2013ལོར། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་དང་བསྟུན་ནས། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཁོང་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱིར་ལས་གནས་འཕོས་ཏེ། དམིགས་བསལ་སློབ་གསོའི་ལམ་བུར་འགྲུལ་བཞུད་ཀྱི་འགོ་བརྩམས།
         2019ལོར།  གསར་འགོད་པས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་བཅར་འདྲི་བྱེད་སྐབས། ལོང་བའི་སློབ་མ་ཆུང་ཆུང་དཀར་གསལ་ལྷ་མོ་དང་ཕྲད།  སྐབས་དེ་དུས་ང་ཚོས་ཚེ་རིང་ལྷ་མོ་ལགས་དང་།  དཀར་གསལ་ལྷ་མོར་བརྙན་མིག་བརྒྱུད་དེ་ཁོང་གཉིས་པོའི་གླེང་མོལ་བྱེད་པའི་རྣམ་པ་པར་དུ་བླངས། ཚེ་རིང་ལྷ་མོ་ལགས་ཀྱི་རོགས་རམ་ལས།  གྲུང་ཤ་དོད་ལ་གླུ་ལེན་རྒྱུར་དགའ་བའི་དཀར་གསལ་ལྷ་མོས་རིམ་གྱིས་ཀང་ཆིན་དཀྲོལ་བ་དང་། དཔེ་དེབ་ཀློག་པ། ཡི་གེ་འབྲི་ཤེས་པར་གྱུར།
         དཀར་གསལ་ལྷ་མོ་དང་འདྲ་བའི་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད་ཆེད། ཚེ་རིང་ལྷ་མོ་ལགས་ཀྱིས་ལག་བརྡར་བརྟེན་ཏེ་ཕྲུ་གུ་ཚོ་དང་སྤེལ་རེས་གནང་མཁྱེན་པར་གྱུར།
         ཚེ་རིང་ལྷ་མོ་ལགས་ཀྱིས་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ཏེ། གཅེས་སེམས་དང་། ངང་རིང་། འགན་སེམས། ཆེད་ལས་བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་གྱི་སློབ་གསོའི་མན་ངག་ཅིག་རྙེད།  གཅེས་སེམས་དང་ལྕག་སྐུལ་གྱིས་ཕྱུག་པའི་སྤྱན་གྱི་གཟིགས་ཕྱོགས་དང་། ཐུགས་རྒྱུད་རིང་ལ་ཞིབ་ཚགས་པའི་བུམ་པ་གང་བྱོའི་ཚུལ་གྱི་སློབ་ཁྲིད་གནང་སྟངས་འདིས། ཚེ་རིང་ལྷ་མོ་ལགས་ནི་སློབ་མ་ཚོས་ཆེས་དགའ་སའི་དགེ་རྒན་ཞིག་ཏུ་གྱུར།
         དམིགས་བསལ་སློབ་གསོའི་སློབ་གྲྭར།  སློབ་མའི་རང་མགོ་རང་ཐོན་གྱི་ནུས་པ་གསོ་སྐྱོང་དང་། རྒྱུན་གཏན་གྱི་རིག་གནས་སློབ་ཚན་སློབ་ཁྲིད་བྱེད་པ་ཕུད། དེ་ལས་གལ་འགངས་ཆེ་བ་ཞིག་ནི་ཕྲུ་གུའི་འབྱུང་འགྱུར་ལ་དམིགས་པའི་ལས་རིགས་སློབ་གསོའི་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད། ཚེ་རིང་ལྷ་མོ་ལགས་དང་ལས་རོགས་རྣམ་པའི་ཐུན་མོང་གི་འབད་འཐབ་བརྒྱུད་དེ། རྫ་ཆས་བཟོ་རྩལ་འཛིན་གྲྭ་དང་། འཚེམ་བཟོའི་འཛིན་གྲྭ་མ་བྱན་འཛིན་གྲྭ་སོགས་ལས་རིགས་སློབ་གསོའི་སློབ་ཚན་རབ་དང་རིམ་པ་བཙུགས་པ་དེས། ཕྲུ་གུ་ཚང་མར་རང་ཉིད་ཀྱི་དགེ་མཚན་དང་མཐུན་པའི་མི་ཚེའི་ཁ་ཕྱོགས་རེ་རྙེད་ཡོད།
         དཀའ་སྤྱད་ས་བོན་བཏབ་གྱུར་ན། དགོས་འདོད་འབྲས་བུ་ཆར་དུ་བསྙིལ་ཞེས་པ་ལྟར། ཚེ་རིང་ལྷ་མོ་ལགས་དགའ་འོས་པ་ཞིག་ནི། སློབ་གྲྭ་དེ་ནས་ཐོན་པའི་སློབ་མའི་ཁྲོད་དུ། སློབ་མ33གྱི་ལས་ཞུགས་ལས་གཏོད་མངོན་འགྱུར་བྱུང་བ་དང་། སློབ་མ14འབྲིང་རིམ་ཆེད་ལས་འཛིན་གྲྭར་སློབ་གནས་འཕོས་པ། སློབ་མ16སྤྱིར་བཏང་གི་སློབ་མ་གཞན་ལྟར་འཛིན་གྲྭ་དང་མཉམ་དུ་སློབ་གཉེར་བྱེད་པའི་སྐལ་བ་ལྡན་ཡོད་ལ། སློབ་མ2སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་ཡོད།
         གཅེས་སེམས་ཀྱི་ཞིང་ས་གཤིན་པོར། རེ་འབྲས་ཀྱི་ལོ་ཏོག་སྨིན་བྱུང་། ཚེ་རིང་ལྷ་མོ་ལགས་ཀྱིས་རང་གི་ཆེས་མཛེས་པའི་ལང་ཚོ་དང་། བརྩེ་སེམས་ཀྱི་དར་སྐུད་རིང་མོ་དམིགས་བསལ་སློབ་གསོའི་སློབ་གྲྭར་སྐྱེས་སུ་ཕུལ་ཞིང་། མེ་ཏོག་ལྟ་བུའི་སྙིང་རྗེ་བའི་ཕྲུ་གུ་ཚོའི་རྒྱུད་ལ་བཏབ་པའི་ས་བོན་གྱིས་ཁོང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་ཡང་སྔ་རྗེས་སུ“བོད་ལྗོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”དང་།  “བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་རབ་དང་རིམ་པ་ཐོབ་ཡོད།  མི་རིང་བར་པེ་ཅིང་དུ་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པ་དྲན་དུས། ཚེ་རིང་ལྷ་མོ་ལགས་དགའ་མགུ་ཡིད་ཚིམ་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།