ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

བསོད་ནམས་བདེ་སྐྱིད། ཕ་ཡུལ་གྱི་ཆེད་དུ་ལང་ཚོ་སྐྱེས་སུ་འབུལ་མཁན།

སྤེལ་དུས 2022-10-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

          ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ཞེས་པའི་ནང་མཐའ་མཚམས་ཁུལ་དུ་གཞི་ཚུགས་ནས་ལང་ཚོའི་རིན་ཐང་མངོན་པར་གནང་མཁན་ཏེ་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་བདེ་སྐྱིད་ཀྱིས་མང་ཚོགས་ཀྱི་ཆེད་དུ་ལས་དོན་ཇི་ལྟར་སྒྲུབ་མིན་ཐད་རྒྱུས་མངའ་ཞིག་གནང་བར་ཕེབས་དང་།

          འཐུས་མི་བསོད་ནམས་བདེ་སྐྱིད་ལགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པ་ནི་གཟི་བརྗིད་ཆེན་པོ་ཞིག་རེད་ལ་འགན་འཁྲི་ཡང་ཧ་ཅང་ལྕི་བའི་སྣང་བ་འདུག ང་རང་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཏང་གི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་སྒྲུབ་པ། ཤང་དེ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་སྲུང་བ་དང་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས། ཏང་དང་མི་དམངས་ཀྱིས་ཡིད་ཆེས་གནང་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་གནང་ཡོད།

          སྤྱི་ལོ་2003ལོར། མོན་པ་རིགས་ཀྱི་བུ་མོ་བསོད་ནམས་བདེ་སྐྱིད་ཧུའུ་ནན་བུད་མེད་ལས་རིགས་སློབ་ཆེན་དུ་ཚུད་ཅིང་། སློབ་གྲྭ་ཐོན་རྗེས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་ཤང་གྲོང་གཞུང་ཞབས་པར་གྱུར། སྤྱི་ལོ་2015ལོར། ཁོང་ལེགས་པོ་རོང་སྐྱིད་པ་མོན་པ་མི་རིགས་ཤང་དུ་ལོག ལས་ཀར་ཞུགས་པ་ནས་བཟུང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ལས་དོན་དངོས་སྒྲུབ་པའི་བརྒྱུད་རིམ་ནང་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད།

       

          སྐྱིད་པ་མོན་པ་མི་རིགས་ཤང་ནི་ཧི་མ་ལ་ཡའི་ལྷོ་ངོས་སུ་གནས་ཤིང་། ཁོར་ཡུག་ལྟ་ན་སྡུག་ཅིང་གནམ་གཤིས་དྲོ་གྲང་སྙོམ་པོ་ཡོད་མོད། འོན་ཀྱང་ལུང་ཁུག་ཡིན་པའི་དབང་གིས་ལེགས་པོ་རོང་གི་ཤང་དང་གྲོང་རྡལ་བཞིའི་ཁྲོད་ནས་རྨང་གཞི་ཞན་ཤོས་དེ་རེད། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་བཟང་ཆར་བསྒྱུར་ཏེ། འཕེལ་རྒྱས་ཀྱི་རང་བརྟེན་ནུས་པ་ཆེ་རུ་ཇི་ལྟར་གཏོང་རྒྱུ་དེ་བསོད་ནམས་བདེ་སྐྱིད་ཀྱིས་བསམ་བློ་གཏོང་མང་ཤོས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད།

 

       དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ཕྱོགས་ཡོངས་ནས་འགོ་ཚུགས་རྗེས། མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱེད་པའི་དགོངས་ཚུལ་ལ་གཞིགས་ཏེ། བསོད་ནམས་བདེ་སྐྱིད་ལགས་ཀྱིས་སེམས་ནུས་ཡོད་རྒུ་དབུལ་སྐྱོར་གྱི་ལས་དོན་ཐོག་བཞག་གནང་བ་དང་། གནས་ཚུལ་མཐིལ་རྟོགས་བྱ་ཆེད། ཁོང་གིས་ཤང་དེའི་དུད་ཚང་ཚང་མར་བསྐྱོད་ཅིང་། ལོ་རེར་ཆ་སྙོམས་འགྲོ་སྐྱོད་ལམ་ཐག་སྤྱི་ལེ་4000ཟིན་པ་དང་། དུད་ཚང་ཚང་མའི་གནས་ཚུལ་ཁོང་གི་དྲན་པའི་ངོས་སུ་གསལ་པོར་བཀོད་ཅིང་། ཟིན་དེབ་ཚང་མ་མང་ཚོགས་ཀྱི་གནད་དོན་སྣ་ཚོགས་བཀོད་དེ་ཁེངས་ཡོད།

 

       དབུལ་པོར་འགྱུར་རྐྱེན་གང་སྔ་རྟོགས་ཆེད། བསོད་ནམས་བདེ་སྐྱིད་ལགས་ཀྱིས་ཤང་དེ་ཡོངས་ཀྱི་ལས་བྱེད་པ་དང་མཉམ་དུ་ཐོན་ལས་ཀྱི་ཞན་ཆ་བཙལ་ནས། མང་ཚོགས་ཚོའི་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་བྲ་བོ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ། བྲ་བོའི་སྔས་མགོ་དང་། བྲ་བོའི་རྩམ་པ། བྲ་བོའི་ཇ་སོགས་བཟོས་པ་མ་ཟད་མོན་ཡུལ་གྱི་བདུད་རྩི་ཞེས་པའི་བྲ་ཆང་ཡང་བསྙལ་ཡོད། དེ་དང་ཆབས་ཅིག ཁོང་ཚོས་ད་དུང་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱི་ལེགས་ཆར་བརྟེན་ནས་རང་རོང་མཚོ་སོགས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་། མང་ཚོགས་ལ་ཞིང་ཁྱིམ་སྤྲོ་ཁང་གཉེར་རོགས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་ཡོད།

 

 

          འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྐྱིད་པ་མོན་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་སྐྱིད་པ་གྲོང་ཚོ་དང་རངས་གྲོང་ཚོ་གཉིས་པོར་གྲོང་ཚོ་རེར་སྤུས་རྟགས་རེ་དང་གྲོང་ཚོ་རེར་ལས་རིགས་རེ་མངོན་འགྱུར་བྱུང་ཡོད། སྤྱི་ལོ་2018ལོར། ཤང་དེའི་གྲོང་ཚོ་ཡོངས་སྔོན་ཚུད་དུ་དབུལ་སྒྲོལ་བྱུང་ནས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་སྣོན་འགྲོ་ཚད་བརྒྱ་ཆ་10ཡན་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ལོ་2021ལོར། ཤང་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་ཡོད།

 

          ད་ཆ། སྐྱིད་པ་གྲོང་ཚོར་བསྐྱོད་ཚེ། མོན་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་བཟང་གྲལ་བསྟར་པད་མའི་དབྱིབས་ཀྱི་ཐང་ཆེན་དེའི་ཕྱོགས་བཞིར་ཆགས་པ་དང་། སྲང་ལམ་གཙང་སྦྲ་དོད་པའི་ཁར་ཁྱིམ་ཚང་རེ་རེའི་སྒོ་ཁར་བཙུགས་པའི་སྐར་ལྔའི་དར་དམར་རླུང་བུ་དང་འགྲོགས་ནས་ལྷབ་ལྷུབ་ཏུ་གཡོ་ཞིང་། རྒྱང་རིང་གི་སྨུག་སྤྲིན་དག་དང་ངོ་མཚར་གཅིག་ཏུ་འབྲེལ་བས་ཤིན་ཏུ་མཛེས་པར་སྣང་།

 

          སྐྱིད་པ་གྲོང་ཚོའི་གྲོང་མི་ལེགས་སྐྱེས་མཁའ་འགྲོས། ང་ཚོའི་སྔོན་མའི་སྡོད་ཁང་ནི་མི་ཕྱུགས་དབྱེ་བ་མེད་པ་དང་ཁང་པའི་ནང་གསང་སྤྱོད་མེད་ལ། ཆུ་ཀ་ལ་ཡང་མེད་ཅིང་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། འོན་ཀྱང་། དེང་སང་ང་ཚོ་ཁང་པ་གསར་པའི་ནང་སྤོས་པ་མ་ཟད་ཆུ་དང་གློག ལམ། དྲ་བ་སོགས་ཚང་མ་ཡོད་པ་དང་། གྲོང་ཚོའི་རྣམ་པར་ཡང་འགྱུར་ལྡོག་དང་འཕོ་འགྱུར་ཆེན་པོ་བྱུང་ཡོད། དེ་དག་ནི་ཏང་གི་དམངས་ཕན་སྲིད་ཇུས་ལས་བྱུང་བ་ཞིག་རེད་ཅེས་གསུངས།

 

          རངས་གྲོང་ཚོའི་གྲོང་མི་བཀྲ་ཤིས་རྒྱལ་མཚན་གྱིས། ང་ཚོའི་གྲོང་ཚོས་ཐོན་སྐྱེད་བྱས་པའི་མོན་ཡུལ་གྱི་བདུད་རྩི་ཞེས་པའི་བྲ་ཆང་དེ་ནི་ལེགས་པོ་རོང་གི་ཁྱད་ལྡན་ཐོན་རྫས་སུ་གྱུར་ཡོད། དེ་སྔ་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་སྐྱེལ་འདྲེན་བྱེད་དཀའ་བས་ཐོན་རྫས་ཁྱབ་གདལ་ཡག་པོ་བྱུང་མེད། ད་ཆ་གཞུང་ལམ་གསར་སྐྲུན་བྱས་ཡོད་པས་ང་ཚོའི་ཐོན་རྫས་ཀྱང་དུས་ཚོད་ཐུང་ཐུང་ནང་རི་ཁུལ་ནས་ཕྱིར་དབོར་འདྲེན་ཐུབ་ཀྱི་ཡོད་ཅེས་གསུངས།

 

          ལོ་མང་རིང་། བསོད་ནམས་བདེ་སྐྱིད་ལགས་གཞི་རིམ་དུ་གཞི་ཚུགས་ནས། མང་ཚོགས་ཀྱི་གྲོགས་པོ་དང་ལམ་སྟོན་པ་ཞིག་ལ་གྱུར་བ་དང་མཐའ་མཚམས་རི་གྲོང་གི་འཕོ་འགྱུར་ཆེན་པོའི་མྱོང་བརྒྱུད་པར་གྱུར་ཡོད། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་མཐའ་མཚམས་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་བྱུང་བ་ལས། ཁོང་ལ་མྱོང་ཚོར་མང་པོ་ཞིག་བྱུང་ཡོད་དེ་ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཞིག་དང་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་རང་གིས་ངེས་པར་དུ་འབད་བརྩོན་ལྡབ་འགྱུར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཆེད་རང་ནུས་ཡོད་ཚད་འདོན་རྒྱུ་ཡིན་ཞེས་གསུངས་ཡོད།  

 རྩོམ་སྒྲིག་པ། བསྟན་ཆོས།