ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

འཆི་མེད་རྡོ་རྗེ། གངས་ལྗོངས་སྦྲག་ལམ་གྱི་ཕོ་ཉ།

སྤེལ་དུས 2022-10-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ཞེས་པའི་ནང་བགྲང་བྱ་33ཉིན་གཅིག་ལྟར་གངས་ལྗོངས་སྦྲག་ལམ་ཚེ་སྲོག་གིས་སྲུང་བའི་འཐུས་མི་འཆི་མེད་རྡོ་རྗེ་ལགས་དང་སྦྲག་སྲིད་ལས་དོན་གྱི་ལས་དབང་ཞེས་པ་དེ་ཞུ་གི་ཡིན།
          དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་ཡོམ་རིམ་པ་6.5བརྒྱབ་རྗེས། འཆི་མེད་རྡོ་རྗེས་གང་དུ་ང་དགོས་ན་ང་དེ་གར་ཡོང་ཆོག་ཅེས་གསུངས་ཏེ་སྦྲག་སྲིད་རླངས་འཁོར་དུ་གནོད་སྐྱོབ་དངོས་རྫས་བྱུར་བུར་བླུགས་ཏེ་ལྕགས་ཟམ་རྫོང་དུ་བསྐྱོད་ཡོད། ཁོང་གིས་ལྕགས་ཟམ་རྫོང་གི་ས་ཚུགས20ལྷག་གི་དྲག་ཆས་དང་མེ་ཟོན། དམངས་དམག་སོགས་རོགས་སྐྱོབ་དཔུང་ཁག་མང་པོར་དངོས་རྫས་བསྐྱལ་ཡོད། དེའི་རྗེས་ཀྱི་ཉིན་ཁ་ཤས་ནང་འཆི་མེད་རྡོ་རྗེས་གནོད་འཚེ་ཕོག་ཁུལ་དུ་གནོད་སྐྱོབ་དངོས་རྫས་སྐྱེལ་རོགས་དང་བགོ་འགྲེམ་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ནས་སྤྱི་ཟླ9པའི་ཚེས12ཉིན་ལས་འགན་ཡོངས་རྫོགས་གྲུབ་རྗེས་གཞི་ནས་དཀར་མཛེས་རྫོང་གི་རང་ཁྱིམ་དུ་ཕྱིར་ལོག་ཡོད།

          ལྕགས་ཟམ་རྫོང་གི་གྲོང་མི་མང་པོས་འཆི་མེད་རྡོ་རྗེ་ངོ་ཤེས་ནས་ཁོང་ལ་ཁ་བརྡ་བྱས་མོད། ཁོང་གིས་འཛུམས་མདངས་དང་བཅས་ང་ནི་སྦྲག་སྲིད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཕལ་པ་ཞིག་ཡིན་ཞེས་ལན་བཏབ་རྗེས་མུ་མཐུད་རང་ཉིད་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་མོད། འོན་ཀྱང་ཁོང་དང་གངས་ལྗོངས་སྦྲག་ལམ་གྱི་གཏམ་རྒྱུད་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྔ་ས་ནས་ཁྱབ་ཟིན།

          སྤྱི་ལོ་1989ལོར། རང་ལོ་26ལ་སླེབས་པའི་བོད་རིགས་ཕོ་གསར་འཆི་མེད་རྡོ་རྗེ་སྦྲག་སྲིད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཞིག་ཏུ་གྱུར། དེ་ནས་བཟུང་ཁོང་གིས་འཚོ་འཕགས་སྨི་4500ཡན་གྱི་རི་ཆེན་14བརྒལ་བ་དང་། སྤྱི་ལེ་1200ལྷག་འགྲོ་འོང་བྱེད་དགོས་པའི་གངས་ལྗོངས་སྦྲག་ལམ་དེ་རུ་བསྐྱོད་འགོ་ཚུགས།

          ལོ་ངོ་33རིང་། འཆི་མེད་རྡོ་རྗེས་གངས་ལྗོངས་སྦྲག་ལམ་དུ་དཀའ་ཚེགས་གྲངས་ལས་འདས་པ་མྱངས་ཡོད། ཁོང་ཉིད་ཀླད་ཀོར་གི་དྲོད་ཚད་ཏུའུ་30ཡོད་པའི་གངས་རིར་ལུས་མྱོང་ལ། ཁོང་གིས་རླངས་འཁོར་དོན་རྐྱེན་ཁྲོད་དུ་ལུས་པའི་མང་ཚོགས་མང་པོའི་ཚེ་སྲོག་བསྐྱབས་མྱོང་། དེས་མི་ཚད་པར་ཁོང་གི་ལུས་པོར་གྲི་17ཕོག་ཀྱང་ད་དུང་དཔའ་ངར་ཞུམ་མེད་ཀྱིས་སྦྲག་འཁོར་བསྲུངས་ཡོད། ཁོང་གིས་ལོ33ཉིན་གཅིག་ལྟར་བྱེད་པའི་དམིགས་ཡུལ་ནི་གཞན་གྱིས་བསྐུར་བའི་སྦྲག་ཆས་རེ་རེ་བཞིན་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པར་བྱེད་པའི་སྐུལ་སློང་ཟབ་མོ་དེ་རེད།
          ཁོང་ནི་དར་ཆ་ཞིག་གམ་ཡང་ན་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་གཉིས་སུ་མ་མཆིས། དཀའ་ཚེགས་ཆེ་བའི་ལས་གནས་དཀྱུས་མ་དེ་བརྟན་སྲུང་མཐའ་གཅིག་ཏུ་གནང་ཡོད།
          སྤྱི་ལོ་2018ལོའི་ཟླ་བ་9པར་འཆི་མེད་རྡོ་རྗེ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ་2021ལོར་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་བསྩལ།
          ད་ལོ་ཁོང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཡོད།

          འཆི་མེད་རྡོ་རྗེ་ལགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་གཟི་བརྗིད་ཆེ་ཤོས་དེ་ཡིན། ངས་ལོ་འདི་ཤས་རིང་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་གོང་འཕེལ་འགྱུར་ལྡོག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་འདི་དག་པེ་ཅིང་གི་འཐུས་མི་ཚོར་འབུལ་རྒྱུ་ཡིན། ལྷག་པར་དུ་ད་ཐེངས་ལྕགས་ཟམ་རྫོང་དུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་སྐོར་ཡང་གླེང་ངེས་ཡིན། གནོད་འཚེ་ཡིས་ང་ཚོར་སྐྱོ་སྡུག་དང་གྱོང་གུན་བཟོས་ཡོད་མོད། ངས་མི་མང་པོ་ཞིག་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་ནང་ཞུགས་པ་དང་སེམས་ཁུར་བྱེད་པ་མཐོང་བྱུང་ལ། གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་རང་སྟོབས་རང་འཕེལ་དང་སྤྲོ་སྣང་ཧུར་སྐྱོད་ཀྱི་བློ་སྤོབས་དང་ཡིད་ཆེས་ཀྱང་མཐོང་བྱུང་། དེས་མི་ཚད་པར། ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོ་ཕུགས་འདུན་མངོན་འགྱུར་ཡོང་ངེས་ཡིན་པར་ང་རང་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད། 
རྩོམ་སྒྲིག་པ། བསྟན་ཆོས།