ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

འབའ་ཚེ་ལོའི་ལོ་ངོ་23གྱི་མེ་ཟོན་རོགས་སྐྱོབ་ཀྱི་ངོ་མཚར་བྱས་རྗེས།

སྤེལ་དུས 2022-10-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

       ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ཞེས་པའི་ནང་ལོ་ངོ་23རིང་བློ་དཀར་སེམས་དཀར་ངང་གངས་ལྗོངས་ས་མཐོའི་མེ་ཟོན་རོགས་སྐྱོབ་ཀྱི་ལས་ལ་གཞོལ་བཞིན་པའི་ཏང་ཡོན་འབའ་ཚེ་ལོའི་གཏམ་རྒྱུད་ཞུ་གི་ཡིན། 

 

       འབའ་ཚེ་ལོ་ནི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཡན་ཆའོ་ལྷོ་ལམ་དམིགས་བསལ་རྒྱབ་ཕྱོགས་མཁོ་སྒྲུབ་ས་ཚིགས་ཀྱི་འགོ་འཛིན་པའི་ལས་རོགས་ཡིན་པ་དང་། མེ་ཟོན་རོགས་སྐྱོབ་ལས་དོན་ནང་ཞུགས་ནས་ལོ་23ཕྱིན་ཡོད་པ་དང་། ཏང་ནང་ཞུགས་ཏེ་ལོ་22ཙམ་སོང་བའི་ཁོང་གིས་ལེགས་སྐྱེས་འབུལ་རྒྱུར་དགའ་བ་དང་། འབད་འཐབ་བྱེད་ནུས་པ། འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་ཕོད་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོར་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་འཁུར་སེམས་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། 


       སྤྱི་ལོ་1980ལོའི་ཟླ་10པར། འབའ་ཚེ་ལོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་དམག་སྒར་གྱི་འཚོ་བར་ཡིད་སྨོན་དང་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། སྤྱི་ལོ་1999ལོར། འབའ་ཚེ་ལོས་མེ་ཟོན་དཔུང་སྡེའི་ནང་ཞུགས་པས། བྱིས་དུས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། སྤྱི་ལོ་2001ལོར་ཁོང་ཉིད་ལོ་འཁོར་གྱི་ཕུལ་བྱུང་དམག་མིའི་མིང་ཐོག་ནས་གཟི་བརྗིད་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ཁོང་ནས་བརྗིད་ཉམས་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པའི་དམ་བཅའ་བཞག་ཡོད།


       སྤྱི་ལོ་2013ལོའི་ཟླ་10པའི་ཚེས་23ཉིན། ན་གོར་མོའི་མེ་འཁོར་འབབ་ཚུགས་ཤར་མར་མེ་འཁོར་གདོང་ཐུག་ཐེབས་པའི་དོན་རྐྱེན་ཐོན་ཡོད། མངགས་གཏོང་གི་བཀའ་འབྱོར་རྗེས། འབའ་ཚེ་ལོས་འཕྲལ་མར་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་། མེ་འཁོར་གྱི་འཁོར་སྒྲོམ་གུ་དོག་པའི་དབང་གིས་རོགས་སྐྱོབ་ཀྱི་སྒྲོམ་སྟེགས་ཕྱིར་སྤོར་དཀའ་བས། འབའ་ཚེ་ལོས་ཕུན་སུམ་ཚོགས་པའི་རོགས་སྐྱོབ་ཉམས་མྱོང་ལ་བརྟེན་ནས་འཕྲལ་མར་སྒེའུ་ཁུང་གི་མཐའ་ལྕགས་པ་ཊ་བཅད་བཏུབ་ཀྱིས་རོགས་སྐྱོབ་ལམ་བུ་བཏོད་དེ་ཉེན་ཁའི་གནས་ལྷུངས་བའི་མི་སྣ་10ལྷག་ཙམ་བདེ་བླག་ངང་བསྐྱབས་ཡོད། 

       སྤྱི་ལོ་2020ལོའི་ཟླ་4པར། ཧུའེ་རིགས་ཀྱི་བུ་མོ་ཆུང་ཆུང་མ་ཞའོ་ཐིང་གི་ཕ་མ་གཉིས་ཆུར་ལྷུངས་ཏེ་རྐྱེན་ལམ་དུ་ཤོར་བས་ཁོང་མོ་དྭ་ཕྲུག་ཅིག་ཏུ་གྱུར། རོགས་སྐྱོབ་བྱ་ཡུལ་དུ་བུ་མོ་དེའི་རེ་ཐག་ཆད་ཅིང་ཡིད་སྐྱོ་བའི་རྣམ་པ་མིག་ལམ་དུ་འཆར་མ་ཐག་ཁོང་གིས་མ་ཞའོ་ཐིང་འཚར་ལོང་ཡོང་བར་རོགས་རམ་བྱ་རྒྱུའི་ཐུགས་ཐག་བཅད། ཁོང་དང་རུ་མི་ཚོས་སྔ་རྗེས་སུ་ཞལ་འདེབས་སྒོར་ཁྲི་2.6བརྒྱབ་ནས་ཁོང་མོ་སློབ་གྲྭ་བསྐྱོད་པ་དང་འཚོ་བ་སྐྱེལ་བར་རོགས་རམ་གནང་བ་མ་ཟད། མ་ཞའོ་ཐིང་དང་ཁོང་མོའི་ཕ་གཡར་མ་གཡར་ལ་ཐབས་བརྒྱ་ཇུས་སྟོང་གིས་སྡོད་གནས་སོགས་འཚོ་བའི་གནད་དོན་ཐག་གཅོད་བྱས་ཡོད།

       འབའ་ཚེ་ལོ་ལ་སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་གཉིས། བྱས་རྗེས་རིམ་པ་གསུམ་པ་ཐེངས་བདུན་བཅས་ཐོབ་ཅིང་། རྒྱལ་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་ཀྱི་རྩེར་སོན་དམག་དང་། མཚོ་སྔོན་གྱི་ལྔ་བཞི་གཞོན་ནུའི་བྱ་དགའི་རྟགས་མ། སྲིད་བཀུར་དམངས་གཅེས་ཀྱི་མི་སྒེར་གྱི་དཔེ་བཟང་བྱ་དགའ། ན་གོར་མོའི་མི་བཟང་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ད་ལོ་གཟི་བརྗིད་ལྡན་པའི་ངང་ཁོང་ཉིད་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་ཡོད། 

       ལོ་ངོ་23རིང་གི་བླ་ན་མེད་པའི་མེ་ཟོན་མི་ཚེ་དང་། ལོ་ངོ་23རིང་གི་བློ་དཀར་སེམས་དཀར་གྱི་རོགས་སྐྱོར་སྲུང་སྐྱོབ། ལོ་ངོ་23རིང་ལ་ལེགས་སྐྱེས་འབུལ་བའི་ཐོག་ནས། འབའ་ཚེ་ལོས་ཏང་དང་མེ་ཟོན་རོགས་སྐྱོབ་བྱ་གཞག་ལ་བཅངས་པའི་ལྷག་བསམ་དང་དགའ་ཞེན་མཚོན་པར་བྱས་ཡོད། ཁོང་གིས། སླད་ཕྱིན་ཆད་ང་རང་ནས་མུ་མཐུད་བྱ་སྤྱོད་ངོ་མའི་ཐོག་ནས་གུང་ཁྲན་ཏང་མི་ཞིག་གི་ཐོག་མའི་བསམ་འདུན་དང་ལས་འགན་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། བསྟན་ཆོས།