ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འཐུས་མིའི་ཉམས་བཟང་།

ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བདེ་ཆེན་གྱིས་འགན་འཁྲི་ལག་ལེན་བསྟར་ཚུལ།

སྤེལ་དུས 2022-10-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་དྲིལ་བསྒྲགས་མང་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་བདེ་ཆེན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི“དོན་ཆེན་གསུམ”གྱི“ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ"ནི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པ་དང་། མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ་ཞིག་ཡིན་པས། དེར་གྲོས་བསྡུར་དང་བསམ་གཞིགས་རྒྱ་ཁྱབ་ཏུ་བྱས་ཡོད། དེའི་ནང་གི་དོན་ཆེན་གསུམ་པ་སྟེ‘དབུལ་སྒྲོལ་འགག་གཏོར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི’ཐད་བོད་ལྗོངས་ཀྱི་མི་དམངས་ལ་མྱོང་ཚོར་དེ་བས་ཟབ་མོ་བྱུང་ཡོད"ཅེས་གསུངས།

     དབུལ་སྒྲོལ་འགག་གཏོར་གྱི་ཐོག་མའི་དུས་སུ། བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་བྱེད་དཀའ་ཤོས་བཅས་ཡིན་པའི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་པ་རེད། བདེ་ཆེན་གྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག  བོད་ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་ཧུར་ཐག་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་ཏེ། ལོ་ངོ་སྟོང་ལ་འཆིང་རྒྱ་ལྟ་བུར་གྱུར་པའི་དབུལ་པོའི་གནད་དོན་དེ་ཐད་ཀར་ཐག་གཅོད་བྱས་ཤིང་།  མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།
     དངུལ་རྩས་དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་བཟུང་ཡོད། བདེ་ཆེན་གྱིས། མི་དམངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག བོད་ལྗོངས་ཁོངས་གཏོགས་ཁུལ་གྱི་མི་དམངས་དངུལ་ཁང་གིས་ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ལས་ཁུངས་ཁག་སྒྲིག་འཛུགས་བྱས་ཏེ་དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱས་ཤིང་། དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས། 2016ལོའི་ཚུན་དུ་བོད་ལྗོངས་ཁོངས་གཏོགས་ཁུལ་གྱིས་རིམ་རྩིས་བྱས་ན་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་2153བཏང་བ་དང་། རྨང་གཞིའི་དངུལ་རྩའི་ཞབས་ཞུ་བོད་ལྗོངས་ཀྱི་ས་ཁོངས་ཡོངས་སུ་ཁྱབ་པར་བྱས་ནས་ཞིང་འབྲོག་མང་ཚོགས་ཁྲི་230ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་གསུངས།
      “ཕན་པ་གང་ནས་བྱུང་མིན་ཐད་རྒྱ་ཆེའི་མང་ཚོགས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།” བདེ་ཆེན་གྱིས། གླུ་གཞས་བརྒྱུད་གཏོང་བྱས་པ་ལྟར་ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ་བ་དང་། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པ་ནི་བོད་ལྗོངས་མི་དམངས་ཀྱི་ཐུན་མོང་གི་བསམ་ཚུལ་ཡིན་ཞེས་ལྷག་བསམ་རྣམ་དག་གིས་གསུངས་པ་རེད། 2011ལོའི་ཟླ་10པར་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་གྱི“རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི”ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་པ་དང་། ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྔ་རྗེས་སུ་སྤོ་བོ་རྫོང་མདའ་རྟ་གྲོང་ཚོ་དང་རྫ་ཡུལ་རྫོང་རྒྱལ་མདོ་གྲོང་ཚོ་གཉིས་ཀྱི་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་གྱི་ལས་འགན་འཁུར་ཡོད་། བདེ་ཆེན་ཡང་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འགྱེད་དེའི་ནང་ཞུགས་ཏེ། མཐའ་མཚམས་དར་རྒྱས་གཏོང་བའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད། 2019ལོར་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག  རོགས་སྐྱོར་བྱ་ཡུལ་གྱི་གྲོང་ཚོ་གཉིས་སྔ་རྗེས་སུ་དབུལ་སྒྲོལ་ཐུབ་པ་དང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་དར་རྒྱས་བྱུང་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི“སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་དུ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་གོང་འཕེལ་ལ་འཆར་འགོད་བྱ་དགོས”ཞེས་པར་ཡང་བདེ་ཆེན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་གཞི་རིམ་གྱི་ལག་ལེན་ཁྲོད། ང་ཚོ་གཞི་རིམ་མི་དམངས་དངུལ་ཁང་གིས་སྦགས་མེད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། སྦགས་མེད་དངུལ་རྩའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་འཚོལ་ཞིབ་མི་ཉུང་བ་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་མ་དངུལ་དེ་བས་མང་བ་སྦགས་མེད་ནུས་རྒྱུ་གཙང་མར་ཕྱོགས་རྒྱུར་ཁྲིད་སྟོན་བྱས་པ་ཕུད། ད་དུང་ས་གནས་དེ་གའི་ཞིང་ལས་དངུལ་ཁང་དང་མཉམ་དུ་ཀ་ལ་གྲོང་ཚོར‘སྦགས་མེད་དངུལ་ཁང’ལག་ལེན་བྱས་པ་དང་། གྲོང་མིས་འབྱུང་ཁམས་ཡུལ་སྐོར་དང་དེ་བཞིན་མཐའ་འཁོར་གྱི་དམངས་སྡོད་དང་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་སོགས་ཀྱི་ཐབས་ལམ་བརྒྱུད་འབབ་འཕར་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་གསུངས། བདེ་ཆེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོ་ཁོ་ནར་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་33ལ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་460བྱུང་བ་དང་། དེའི་ནང་ནས་སྒོར་ཁྲི་309བཏོན་ནས་ཁེ་སྤོགས་བགོ་བཤའ་བརྒྱབ་ནས་སྔོ་ལྗང་གི་རི་ཆུ་དེ་དོན་དམ་པའི་གསེར་རི་དངུལ་རིར་བསྒྱུར་ཡོད་པ་རེད།
      རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འཆར་གཞི་བཀོད་ཟིན་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་དུང་བརྡ་བསྒྲགས་ཟིན་པ་རེད། མི་དམངས་དངུལ་ཁང་བོད་ལྗོངས་ཁོངས་གཏོགས་ཁུལ་གྱི་གཞི་རིམ་འཐབ་ཕྱོགས་དང་པོ་ནས་ཡོང་བའི་ཏང་གི་འཐུས་མི་བདེ་ཆེན་གྱིས། “ངའི་ཕ་མ་གཉིས་ཀྱིས་དེ་སྔ་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མྱོང་བ་དང་། ཁྱོ་གས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ས་སྲུང་བྱེད་ཀྱི་ཡོད་ཅིང་། ངས་གཞི་རིམ་ཀྲུང་དབྱང་དངུལ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད་པས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རིམ་འཐབ་ས་དང་པོ་ནས་ཡོང་བའི་སྐད་སྒྲ་མཚོན་གྱི་ཡོད། ངས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཏན་ཏན་ཏིག་ཏིག་ངང་སྤྱིར་བཏང་གི་ལས་གནས་ཐོག་ལས་དོན་ཡག་པོ་སྒྲུབ་པ་དང་། དངུལ་རྩས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་ནན་ཏན་བསྟར་ཏེ། དངུལ་རྩས་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་ཉེན་ཁར་སྔོན་འགོག་དང་ཉེན་ཁ་སེལ་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་དངུལ་རྩའི་ཐོབ་ཚོར་དེ་བས་ཆེ་བའི་འགན་སྒྲུབ་འགྲན་ལམ་ཐོག་ཀྲུང་དབྱང་དངུལ་ཁང་གི་གཞོན་ནུ་ཚོར་ལྡན་དགོས་པའི་ཉམས་འགྱུར་མངོན་གང་ཐུབ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།