ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > དཔྱད་གཏམ།

མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

སྤེལ་དུས 2022-10-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

          བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ལྗོངས་ཀྱི་མཐའ་མཚམས་བདེ་འཇགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས། གསར་གཏོད་རང་བཞིན་ལྡན་པའི་ངང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་བཏོན་གནང་སྟེ། བོད་ལྗོངས་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་པ་དང་། སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་དམངས་ཕྱུག་མཐའ་སྟོབས་ཀྱི་ཐབས་འདོན་ཇུས་འགོད་གནང་བ། བོད་ལྗོངས་ཀྱི་མཐའ་མཚམས་བདེ་འཇགས་དང་མཐའ་མཚམས་འཛུགས་སྐྲུན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་གནང་བ་བཅས་ལས་ང་ཚོས་དུས་རབས་གསར་པའི་མཐའ་སྟོབས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

          རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཡོད་པ་དང་། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན་ཁྱིམ་ཚང་ཁྲི་ཕྲག་མང་པོའི་བདེ་འཇགས་ཡོང་མི་སྲིད། ལོ་བཅུའི་རིང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས། བོད་ལྗོངས་ཀྱི་ལས་དོན་དང་ལྷག་པར་དུ་མཐའ་སྟོབས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མཐའ་མཚམས་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་མཚམས་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད། མཐའ་མཚམས་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ལས་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཉེ་འགྲམ་གྱི་འགྱུར་ལྡོག་ཕྲན་བུའི་ཁྲོད་དང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་མཚོན་བྱེད་དུ་བྱེད་པའི་རྒྱལ་གཅེས་མཐའ་སྲུང་གི་སྔོན་ཐོན་དཔེ་བཟང་གི་ལྕག་སྐུལ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཟབ་མོ་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ནས། མཐའ་མཚམས་སུ་གཞི་ཚུགས་པ་དང་། མཐའ་མཚམས་སྲུང་བ། མཐའ་མཚམས་འཛུགས་སྐྲུན་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།

          མཐའ་མཚམས་སྲུང་བའི་འགན་འཁྲི་ཡོད་པ་དང་། མཐའ་མཚམས་སྲུང་བའི་འགན་འཁྲི་འཁུར་བ། མཐའ་མཚམས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གྱི་འཕྲལ་མཁོ་ཆེ་བ་དང་། མུག་ཟོས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཕྲལ་མཁོ་ཆེ་བ། མཐའ་མཚམས་མང་ཚོགས་ཀྱི་དགོས་གཏུགས་དང་རེ་སྒུག་བཅས་འཇུག་གཞི་དང་ཚད་བརྒལ་སར་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དཔལ་འབྱོར་དང་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། “རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་རྒྱུར་ཤུགས་རྒྱག་པ་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་པའི”འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་མཐའ་སྟོབས་ལས་དོན་ལ་སྐུལ་འདེད་གཏོང་ཆེད་སྣེ་ཁྲིད་རང་བཞིན་གྱི་གསར་གཏོད་བྱས་པ་དང་གསར་གཏོད་རང་བཞིན་གྱི་ལམ་བུ་བཏོད་ཡོད།

          ད་ཆ་བོད་ལྗོངས་ཀྱི་མཐའ་མཚམས་ལམ་ཐིག་ཐོག་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོར་མེ་ཏོག་མཉམ་བཞད་དང་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་གཙོ་འཛིན་གྱི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་། མཐའ་མཚམས་སུ་རྩ་བ་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན་མཐའ་གཅིག་ཏུ་བྱས་ནས། ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་གསོན་ཉམས་དོད་པའི་ལེའུ་ཞིག་རྩོམ་བཞིན་ཡོད།

          མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་སྟོབས་ཤུགས་གཅིག་སྡུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་གཙོ་དོན་བསུ་བ་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱས་ནས། རང་རྟོགས་ངང་མཐའ་སྟོབས་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་དུ་བཞག་ནས་བསམ་གཞིག་ཇུས་འགོད་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐའ་སྟོབས་མཐའ་བརྟན་གྱི་ལས་འགན་མཐའ་གཅིག་ཏུ་འཁུར་བ། མཐའ་མཚམས་ས་ཁུལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་དཔུང་གཤིབ་མཉམ་སྐྱོད་ཐུབ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བྱེད་དགོས། 


རྩོམ་སྒྲིག་པ། བསྟན་ཆོས།