ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

ལོ་10ཡི་རིང་ཉིང་ཁྲིར་འཕེལ་རྒྱས་ཇི་ལྟར་བྱུང་ཡོད་པ་འདི་ནས་ཤེས་ཐུབ།

སྤེལ་དུས 2022-10-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་ས་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་209.01ཟིན་པ་དེ་2012ལོའི་ལྡབ་2.89ཡིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་15.02ཟིན་པ་དེ་2012ལོའི་ལྡབ་2.65ཡིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་135.13ཟིན་པ་དེ་2012ལོའི་ལྡབ་1.79ཡིན་པ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་56.23ཟིན་པ་དེ་2012ལོའི་ལྡབ་2.47ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་41346དང་སྒོར་21767ཟིན་པ་དེ་སོ་སོར་2012ལོའི་ལྡབ་2.56དང་ལྡབ་2.90ཡིན་པ་དང་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
         ཁྱད་ལྡན་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་བཏང་བ།
         བྲག་ཡིབ་ཆུས་ཀ་ལ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་འགྲམ་དང་ལང་ལོང་དུ་རྒྱུག་པའི་ཉང་ཆུའི་ངོགས་སུ་གནས་ཤིང་། དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཁམ་བུའི་མེ་ཏོག་གྲོང་ཚོ”རེད། གང་སར་བཞད་པའི་ཁམ་བུའི་མེ་ཏོག་ལ་བརྟེན་ནས། གྲོང་ཚོས་ལོ་མང་བསྟུད་མར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བས། ཁམ་བུའི་མེ་ཏོག་ནི་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི“མིང་བྱང”ཞིག་ཏུ་གྱུར་ཡོད། ཡུལ་མི་ཟླ་བ་རྒྱལ་མཚན་གྱིས་དཔྱིད་དུས་ཁམ་བུའི་མེ་ཏོག་གི་མཛེས་པར་མྱོང་བ་དང་། དབྱར་དུས་ཤིང་འབྲས་འཐུ་བ། སྟོན་དུས་དང་དགུན་དུས་དམངས་སྲོལ་ལ་ལྟ་བ་བཅས་ཀ་ལ་གྲོང་ཚོར་ད་ལྟ་ལོ་གཅིག་དུས་བཞི་ཚང་མར་ཡོང་འབབ་ཡོད་ཅེས་བཤད།

         ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་སྐུལ་ཁྲིད་འོག བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོས“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཇ་ཞིང”བསྐྲུན་པ་དང་། མེ་ཏོག་རྫོང་དུ་མུའུ་2000ཡོད་པའི“ཀོང་ཏུང་གི་ཇ་ཞིང”བསྐྲུན་པ། ཡིད་འོང་ཤང་གིས་རྒྱ་ཁྱོན་མུའུ་30ཡོད་པ་དང་སྤྱིའི་ཐོན་འབབ་མུའུ་ཁྲི་45ཟིན་པའི་སྡོང་ཕྲུག་གསོ་ཚགས་རྟེན་གཞི་བསྐྲུན་པ་སོགས་ཇ་ལོ་ནི་ས་གནས་དེ་གའི་མི་རྣམས་ཀྱི་ཡོང་སྒོར་གྱུར་ཡོད།
         ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ནགས་གསུམ་གྱི་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི་གལ་ཆེན་གཏོད་པར་དམིགས་ནས། བོད་ཕག་དང་ཇ་ལོ་གཙོ་བོར་བྱས་པའི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནགས་ཁྲོད་དཔལ་འབྱོར་ཐོན་ཁུངས་གསར་སྤེལ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས། ད་ཆ་བོད་ཕག་མགོ་གྲངས་ཁྲི་27.7ཟིན་པ་དང་། ཇ་ལོ་འདེབས་ཁྱོན་མུའུ་ཁྲི་7.18ཟིན་པ། ཤིང་འབྲས་དང་། སྔོ་ཚལ། བོད་སྨན་སྨན་རྒྱུ་སོགས་འདེབས་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་རྒྱལ་ཁབ་ཀྱི་ཁུལ་ཁོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ལ་བརྩིས་ནས། མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས། ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་2012ལོར་མི་ཐེངས་ཁྲི་229དང་སྒོར་དུང་ཕྱུར་18.59ཟིན་པ་ནས2021ལོར་སོ་སོར་མི་ཐེངས་ཁྲི་1006.07དང་སྒོར་དུང་ཕྱུར་83.75བར་འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལས་དོན་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད།
         སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་པ།
         ཡར་ཉང་འདམ་རར་ས་གནས་དེ་གའི་གྲོང་མིས་ལས་གོས་གྱོན་ནས་བདག་སྐྱོང་བ་བྱེད་བཞིན་ཡོད། ཁོ་ཚོས་ཉིན་ལྟར་སྐོར་གཡེང་དང་། གཙང་སྦྲ། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་སོགས་བྱེད་ཀྱི་ཡོད། “མི་དེ་བས་མང་བས་ཡར་ཉང་འདམ་ར་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ཤེས་དགོས”ཞེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི་འདམ་ར་སྲུང་སྐྱོང་གི་སྒྲོག་འགྲེལ་བ་ཉི་མ་ཕུན་ཚོགས་ཀྱིས་བརྗོད། ཁོང་གིས་ཡར་ཉང་འདམ་རར་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་སྐོར་སྐྱོད་སྲུང་སྐྱོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། རིམ་པ་བཞིན་འདམ་ར་དོ་དམ་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པས། སྐོར་གཡེང་དོ་དམ་ལས་དོན་ལ་ཁྲལ་སེལ་སླ་བཅོས་མི་བྱེད་པར་འདམ་ར་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ཏན་ཏིག་སྒྲུབ་ཀྱི་ཡོད་ཅེས་བཤད།

         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་སྔོ་ལྗང་རི་ཀླུང་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་འཇོག་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག སྲོག་རྩ་བཅས་ནན་པོ་སྲུང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། 《སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་སྲོལ་ཡིག》དང《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》བཟོས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་ཁྱོན་ཡོངས་ནས་བཏོད་དེ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་དང་གཙོ་གནད་ནགས་བཟོའི་འདུ་འགོད་འཛུགས་སྐྲུན་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཤིང་། 2018ལོར་ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་རེད།
         མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།

         ཉིང་ཁྲི་གྲོང་ཁྱེར་མཚོ་མོ་སྐྱིད་རི་མཚོ་འགྲམ་དུ་དབེན་ཞིང་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཡོད་པ་དེར། བོད་ཁྱིམ་སྒོ་ར་ཆུང་ཆུང་སྟར་པ་རེ་རེ་བཞིན་ཡོད་པ་དག་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་དུད་ཁྱིམ་ཚང་མའི་སྒོ་རྩར་བཟོས་ཡོད་པ། ཁྱིམ་ཚང་ཚང་མས་ཕན་ཚུན་རོགས་རེས་དང་ཁྱིམ་མཚེས་དང་ཞི་མཐུན་མཉམ་གནས་བྱེད་པ་སོགས་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཐང་སྟེང་གྲོང་ཚོ་རེད།
         དེ་སྔ་ཐང་སྟེང་གྲོང་ཚོར་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་སྟེ། འཁྱག་མཚོ་ཞིང་ཞོར་ཐོན་རྫས་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ཐོག་མར་བཙུགས་ཤིང་། འདི་ནི་གྲོང་ཁྱེར་ཡོངས་ནས་ཆ་བཞག་ན་འཛུགས་སྔ་ཤོས་ཀྱི་མཉམ་ལས་ཁང་རེད།  མིག་སྔར་མཉམ་ལས་ཁང་གི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་900ལྷག་ཙམ་ཟིན་པ་དང་། ལོའི་ཡོང་འབབ་སྒོར་ཁྲི་40ཟིན་གྱི་ཡོད། དེར་མ་ཟད་ཉེ་བའི་ལོ་ཤས་རིང་པད་ཁ་ལས་སྣོན་བཟོ་གྲྭ་དང་། བོད་བྱ་གསོ་ཚགས་རྟེན་གཞི། སྐྱེ་ཁམས་ཡུལ་སྐོར་གླིང་། ཡུལ་སྐོར་བ་སྣེ་ལེན་ལྟེ་གནས་སོགས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར་བས། “ཀྲི་པུའུ+མཐུན་ཚོགས+ཞིང་དུད”བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། 2021ལོར་ཐང་སྟེང་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་800ཡན་ཟིན་པ་དང་ཡུལ་མིའི་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་བསྟུད་མར་འཕར་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་2855ཡང་མ་ཟིན་པ་ནས་2021ལོའི་སྒོར་ཁྲི་1.4ཟིན་ནས་ལྡབ་3.9འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་རྒྱུན་འཁྱོངས་ཐུབ་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་ཚང་མ་སྐབས་བསྟུན་གཙང་སེལ་ཐུབ་པ། སློབ་ཞུགས་གོང་གི་ལོ་གསུམ་ནང་ན་འདྲེས་སློབ་ཞུགས་བྱེད་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་བཅས་སོ་སོར་94.81%དང་། 96.67% 91.34%བཅས་ཟིན་པ། སྨན་བཅོས་འགན་སྲུང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ད་ཡོད་ཀྱི་སྨན་བཅོས་སྒྲིག་གཞི་82དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་བ་1502 སྨན་བཅོས་ཉལ་ཁྲི་1536བཅས་ཡོད་པས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།