ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ།

སྤེལ་དུས 2022-10-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་ལས་བརྒྱ་ཆ་༧༠ཙམ་ཞིག་གཞི་རྩའི་སློབ་གསོའི་ཐད་བཏང་བ་དང་། གཞི་རྩའི་སློབ་གསོའི་འགྲོ་གྲོན་ལ་མ་དངུལ་གཏོང་ཚད་ཀྱང་ལྡབ་གཅིག་ལྷག་འཕར་ཡོད། མིག་སྔར། རང་རྒྱལ་ལ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ལྔ་འབུམ་སུམ་ཁྲི་ཙམ་ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར་གཉིས་དང་བྱེ་བ་དགུ་ཙམ་ཡོད་ཅིང་། དགེ་རྒན་དང་ལས་བཟོ་པ་ཁྱོན་བྱེ་བ་གཅིག་དང་ས་ཡ་བརྒྱད་དང་བཞི་འབུམ་བཞི་ཁྲི་ཙམ་ཡོད། རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་གོང་འཕེལ་ཆུ་ཚད་ཀྱང་འཛམ་གླིང་ཐོག་གི་ཆུ་ཚད་འབྲིང་བ་ཡན་གྱི་རྒྱལ་ཁབ་གྲས་སུ་སླེབས་ཡོད། 

        ལོ་ངོ་བཅུ་འདིའི་རིང་། རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ཡོད།  སློབ་ལོ་མ་ལོན་གོང་གི་སློབ་མ་བུ་བཅོལ་ཁང་དུ་ཞུགས་ཚད་བརྒྱ་ཆ་༨༨དང་གྲངས་ཆུང་༡ཟིན་པ་དང་།  འོས་འགན་སློབ་གསོའི་དུས་མཚམས་སུ། རྒྱལ་ཡོངས་ཀྱི་བརྒྱ་ཆ་༩༩དང་གྲངས་ཆུང་༨ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཡང་གཞི་རྩའི་བླང་བྱ་དང་མཐུན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སློབ་གཉེར་ཆ་རྐྱེན་གྱི་ཧེ་བག་ཀྱང་མངོན་གསལ་དོད་པོས་ཆུང་དུ་སོང་ཡོད། ཡིག་ཚགས་དང་གཱ་བཟོས་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཉིས་འབུམ་ནང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་གྱི་སློབ་མ་གཅིག་ཀྱང་བྱུང་མེད་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་བརྒྱ་ཆ་༩༥དང་གྲངས་ཆུང་༤ཟིན་ཏེ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་སློབ་གྲྭ་ནས་ཕྱིར་འཐེན་བྱེད་པའི་ཡུན་གནས་གནད་དོན་དེ་ཐག་གཅོད་ཐུབ་ཡོད། མཐོ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་ཀྱང་སྤྱི་ལོ་༢༠༡༢ལོའི་བརྒྱ་ཆ་༨༥ནས་མིག་སྔའི་བརྒྱ་ཆ་༩༡དང་གྲངས་ཆུང་༤བར་མཐོ་རུ་སོང་བ་དང་། རང་རྒྱལ་གྱི་གཞི་རྩའི་སློབ་གསོ་ཡང་སློབ་གྲྭར་འགྲོ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི་དུས་མཚམས་གསར་པར་སླེབས་ཡོད།

        མཐོ་རིམ་སློབ་གྲྭར་སློབ་ཞུགས་བྱེད་ཚད་ཀྱང་བརྒྱ་ཆ་༥༧དང་གྲངས་ཆུང་༨ཟིིན་ནས་ལོ་བཅུའི་རིང་བརྒྱ་ཆའི་གནས་༢༧དང་གྲངས་ཆུང་༨མཐོ་རུ་སོང་སྟེ་ལྡབ་གཅིག་ལ་ཉེ་བ་འཕར་བ་དང་། མཐོ་རིམ་སློབ་གསོ་ཡང་མང་ཚོགས་ཅན་ནས་ཁྱབ་གདལ་ཅན་དུ་གྱུར་ཏེ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།
        ལོ་ངོ་བཅུ་འདིའི་རིང་། རང་རྒྱལ་གྱི་རྒྱལ་དམངས་བྱང་ཚད་ཀྱང་མཐོར་འདེགས་ཆེན་པོ་བྱུང་བ་དང་། སློབ་གསོས་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་རིག་སྟོབས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད། མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཤུགས་ཆེར་སོང་བ་དང་། སྒྲིག་གཞི་དང་ལམ་སྲོལ་བསྒྱུར་བཅོས་བྱེད་ཚད་ཟབ་ཏུ་སོང་སྟེ་རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་མོར་ཞབས་ཞུ་བསྒྲུབས་པའི་ཕན་འབྲས་ཀྱང་ཆེ་རུ་སོང་ཡོད་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།