ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

བོད་ལྗོངས་ཀྱིས《ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་ཕུག་》བཙུགས་ནས་སྨན་རྫས་རིགས་1514དང་སྨན་ཐོ་རིགས་511གི་ཆ་འཕྲིན་ཕབ་འཇུག་བྱས།

སྤེལ་དུས 2022-10-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

        སྤྱི་ལོ་2022ལོའི་ཟླ་10ཚེས་3ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་ཀྱི་ལོ་ངོ་བཅུ་ཞེས་པའི་མུ་འབྲེལ་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་སྤེན་པ་མཚམས་གཅོད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱིས་སྨན་རྫས་ལྟ་སྐུལ་དོ་དམ་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ཞིང་།  བོད་སྨན་གྱི་ཚད་གཞི་འཛུགས་སྐྱོང་ལ་ཤུགས་བརྒྱབ་ཐོག་རྒྱལ་ཁབ་བོད་སྨན་ཚད་གཞི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས་《པར་གཞི་95པའི་བོད་སྨན་འགྲེམས་སྤེལ་ཚད་གཞི》རྒྱུན་མཐུད་ངང་བཟོ་བཅོས་བརྒྱབ་པ་དང་། བོད་སྨན་ཚད་གཞི་ཅན་བཟོ་རྒྱུའི་ལོ་གསུམ་རིང་གི་འགུལ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་སྨན་རྫས་རིགས་147གྱི་སྤུས་ཚད་ཚད་གཞིར་ཞིབ་འཇུག་ལེགས་འགྲུབ་བྱུང་བ། 《ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་ཕུག》བཙུགས་ནས་སྨན་རྫས་རིགས་1514དང་སྨན་ཐོ་རིགས་511གི་ཆ་འཕྲིན་ཕབ་འཇུག་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་སྨན་རྒྱུའི་ཚད་གཞི》(དེབ་དང་པོ་དང་གཉིས་པ།)《བོད་སྨན་གྱི་སྨན་རྫས་གསར་པའི་ཞིབ་འཇུག་ལག་རྩལ་མཛུབ་ཁྲིད་རྩ་དོན》སོགས་བཏོན་ནས་བོད་སྨན་ཚད་གཞི་འཛུགས་སྐྱོང་གི་རྨང་གཞི་སྔར་བས་ཇེ་བརྟན་ཏུ་བཏང་ཡོད།

        སྤྱི་ལོ་2021ལོའི་ལོ་མཇུག་བར་དུ། བོད་ལྗོངས་ལ་སྨན་རྫས་དང་། སྨན་བཅོས་ཡོ་བྱད། མཛེས་སྤྲས་ཐོན་རྫས་བཅས་ཀྱི་ཐོན་སྐྱེད་ཁེ་ལས་དང་སྨན་རྫས་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་1534ཡོད་པ་དང་སྨན་རྫས་ཐོན་སྐྱེད་བྱས་པའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་28ཟིན་ནས།  ལོ་བཅུའི་སྔོན་དང་བསྡུར་ན་སྨན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་འགྲོ་བཞིན་ཡོད་པ་དང་ཐོན་ལས་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།