ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2022 > ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྲོ་བས་བསུ། > འོད་སྟོང་འབར་བའི་གྲུབ་འབྲས།

བོད་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

སྤེལ་དུས 2022-10-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཆུ་ཟོམ་ནས་ཆུ་ཀ་ལ་དང་། སྣུམ་སྒྲོན་ནས་གློག་སྒྲོན། ས་རྡོའི་ལམ་ཕྲན་ནས་སྣུམ་ནག་གཞུང་ལམ། ཕྱིང་གུར་ནས་ཐོག་བརྩེགས་ཁང་བཟང་། ཕྱིར་གླ་པར་བསྐྱོད་པ་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པ་སོགས་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད།
         2012ལོའི་ཚུན་དུ། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་སྔ་རྗེས་སུ་སྒོར6000དང་། 7000དང་། 8000དང་། 9000དང་། 10000དང་། 15000བཅས་ཀྱི་འགག་སྒོ་ཆེན་པོ་ལས་སྒྲོལ་ནས་ལོ19བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལོ7བསྟུད་མར་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོར་རྒྱུན་འཁྱོངས་ཐུབ་ནས2021ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16935ཟིན་ཡོད།

བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འཕྲེང་འགོ་ཤང་གི་མཐུན་སྒྲིལ་གྲོང་གསར།
         ལོ་བཅུ་པོ་འདི་དག་རིང་། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་གཙོ་བོ་མཁོ་སྤྲོད་འགན་ལེན་ནུས་པ་དང་དངོས་པོའི་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་།  2015ལོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་སྒྲོལ་ནས2021ལོར་ཏུན་ཁྲི106.15ཟིན་པའི་ནང་ནས་ཀྱི་ཐོན་ཚད་ཏུན་ཁྲི80.12ཟིན་པ་དེ2012ལོ་ལས་སོ་སོར11.85%དང24.14%འཕར་ཡོད། ལས་རིགས་ཀྱི་གྲངས་གཞི་བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་ཚང་མ་ན་ནིང་ལས་མཐོ་བ་ཡོད་པས་ལོ་ལེགས་ཡོང་རྒྱུ་གཏན་འཁེལ་ཡིན་པ་དང་། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི81.07ཟིན་ནས2012ལོ་ལས33.69%འཕར་བ། སྔོ་ཚལ་ཐོན་ཚད་ཏུན་ཁྲི89.47ཟིན་ནས2012ལོ་ལས36.41%འཕར་བ། ལྷ་ས་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོ་ཁག་ཏུ་སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད65%དང85%གཡས་གཡོན་བཅས་སོ་སོར་ཟིན་ཡོད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་རྒྱ་ཁྱོན2012ལོའི་མུའུ་ཁྲི12.22ནས་མུའུ་ཁྲི333.57བར་མགྱོགས་མྱུར་འཕར་ཡོད། ཤང་དང་གྲོང་རྡལ་ཚང་མར་ཁྱབ་པའི་སྲོག་ཆགས་ཀྱི་རིམས་འགོག་མ་ལག་དང་། རིམ་བཞིའི་གེགས་འགོག་གེགས་སེལ་མ་ལག  གྲོང་ཁྱེར་དང་ས་ཁུལ7གྱི་རྫོང(ཆུས)34ལ་ཁྱབ་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཏེ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཀྱི་འཕྲུལ་ཆས་ལག་ཆའི་རྣམ་གྲངས་སྔར་བས་ལེགས་སུ་བཏང་ནས2021ལོར་བོད་ལྗོངས་ཡོངས་ཀྱི་ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི710.6ཟིན་ཏེ2012ལོ་ལས་ལྡབ་གཅིག་འཕར་བ་དང་ཞིང་ལས་སྐྱེ་དངོས་བསྡུ་འདེབས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད66.1%ཟིན་ཡོད།  

རྨོ་འདེབས་མཛད་སྒོ་ཚོགས་ཡུལ།
         ལོ་བཅུ་པོ་འདི་དག་རིང་། བོད་ལྗོངས་ཀྱི་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ་དང་ཞིང་འབྲོག་ལས་ཀྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཞིང་། ཐོན་ལས་དབུལ་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་འབྲེལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཐོན་ལས་དབུལ་སྐྱོར་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི23.8དུས་བཀག་ལྟར་དབུལ་བྲལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ནས་དང་འབྲི་གཡག་སོགས་ཞིང་འབྲོག་ཐོན་ལས་ཆེན་པོ་བདུན་གཙོ་གནད་དུ་བྱས་ཏེ་ནས་དང་། འབྲི་གཡག བོད་ལུག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་གཞི་རྩའི་ཆ་ནས་གྲུབ་པ་དང་། གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང165དང12740སོ་སོར་ཟིན་ཏེ2012ལོ་ལས63.4%དང་ལྡབ12སོ་སོར་འཕར་བ། ཁྱིམ་ཚང་ཞིང་འབྲོག་ར2012ལོའི15ནས9261བར་མགྱོགས་མྱུར་འཕར་ཏེ2012ལོའི་ལྡབ617.4ཟིན་ཡོད། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མྱུར་པོ་བྱུང་ནས་རིམ་རྩིས་བྱས་ན་ཁྱད་ལྡན་ལེགས་ལྡན་ཐོན་ལས་མཉམ་འདུས4དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང7 དང་། ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན18དང་། ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ4བཅས་ལ་ཆོག་མཆན་ཐོབ་ནས་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ། ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ52དང27སོ་སོར་ཟིན་ཡོད། 

ཞིང་འཕྲུལ་བཏང་ནས་གྲོ་བསྔ་བསྡུ་བྱེད་བཞིན་པ།
         ལོ་བཅུ་པོ་འདི་དག་རིང་། བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཞིང་།  2012ལོའི་ཚུན་དུ། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས685བཙུགས་ནས། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་སྒྲིག་གཞི་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་བུ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ནས་ཀྱི་སོན་བཟང་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་གདལ་ཤུགས་ཆེན་བཏང་ནས། 2021ལོར་བོད་ལྗོངས་ཡོངས་སུ་ནས་ཀྱི་སོན་བཟང་ཁྱབ་ཚད90.8%ཟིན་ཏེ2012ལོ་ལས39.52%འཕར་བ་དང་། ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད40.8%ཟིན་ཏེ2012ལོ་ལས་བརྒྱ་ཆའི་གྲངས22.8འཕར་ཡོད། དེ་དང་ཆབས་ཅིག་རྒྱུན་མཐུད་སྟོབས་ཆེར་འགྲོ་བཞིན་པའི་ཞིང་འབྲོག་ལས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་སྟོབས་ཤུགས་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2012ལོའི་ཚུན་ཁྱོན་བསྡོམས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ60དང་རང་སྐྱོང་ལྗོངས་རིམ་པའི་བྱ་དགའ43ཐོབ་ཡོད་ལ། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་ཤུགས་ཆེན་ཕྱིན་པ་དང་ཞིང་འབྲོག་ཚན་རྩལ་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་བྱུང་ཡོད།  

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གི་པད་ཁའི་མེ་ཏོག་སེར་ཐིང་ངེར་བཞད་པའི་པད་ཞིང་།
         ལོ་བཅུ་པོ་འདི་དག་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་གྱི་སྲིད་ཇུས་དང“ཚོད་འཛིན་གཅིག་དང་། ཉུང་གཏོང་གཉིས། གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་གསུམ”གྱི་ཞིང་ལས་སྦགས་བཙོག་འགོག་བཅོས་བྱེད་ཐབས་མུ་མཐུད་དོན་འཁྱོལ་བྱས་ནས། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས། ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་རིམ་རྩིས་བྱས་ན་མཛེས་སྡུག་ལྡན་ལ་སྡོད་མལ་དང་འཚམ་པའི་དཔེ་སྟོན་གྲོང་ཚོ275འཛུགས་གཏོད་བྱས་ཡོད། དེ་དང་ཆབས་ཅིག་ཞིང་འབྲོག་ཁུལ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་དང་རྒྱུན་མཐུད་ཟབ་གཏོང་གིས་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ནས་ལག་ཁྱེར་སྤྲོད་ཚད99.62%ཟིན་པ་དང་། གྲོང་གསེབ་ཀྱི་ཐུན་མོང་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་རྒྱུ་ནོར་གཙང་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། གྲོང་གསེབ་ཀྱི་ཐུན་མོང་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ། ཐུན་མོང་གི་གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་ལ་དོ་དམ་དང་བདག་སྐྱོང་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་སྔར་ལས་ལེགས་པ་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཁུལ6ལ་རེས་སྐོར་དང་པོའི་ཚོད་ལྟའི་ལས་འགན་གྱི་མཐའ་མའི་ཚོད་སྐོར་ལེགས་གྲུབ་ཟིན་ནས་ཡུལ་བབ་དང་བསྟུན་ཏེ་རེས་སྐོར་གསར་པའི་སྒྱུར་བཅོས་བྱེད་འགོ་འཛུགས་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་རེད།  
         མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་པ། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཞིང་སྡེ་དེ་བས་འབྱོར་ཕྱུག་དང་། འཚོ་བ་དེ་བས་བདེ་སྐྱིད། གྲོང་གསེབ་དེ་བས་མཛེས་སྡུག་བཅས་ལྡན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།